ཐའེ་ཝན་ལ་མཚོན་ཆ་འཚོང་མཁན་གྱི་ཨ་རིའི་བཟོ་གྲྭར་རྒྱ་ནག་གི་འབྲེལ་ཐག་གཅོད་འཆར།

ཟླ་འདིའི་ཚེས་༡༥ ཉིན་རྒྱལ་སྤྱིའི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་གཞུང་དང་རྒྱ་ནག་གི་བཟོ་གྲྭ་རྣམས་ཀྱིས་ཐའེ་ཝན་ལ་གོ་མཚོན་འཚོང་མཁན་གྱི་ཨ་རིའི་བཟོ་གྲྭ་དག་དང་འབྲེལ་ཐག་གཅོད་རྒྱུ་ཡིན་ཞེས་བཤད་འདུག་ཅིང་། དེས་ཨ་རྒྱ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྔར་བས་ཀྱང་སྡུག་ཏུ་གཏོང་བའི་ཉེན་ཁ་ཆེན་པོ་ཡོད་གདའ། 

རྒྱ་ནག་གིས་མང་གཙོ་དང་རང་སྲིད་རང་སྐྱོང་གི་ལམ་ལུགས་ལྡན་པའི་ཐའེ་ཝན་སོ་སོའི་ཆ་ཤས་ཡིན་ཚུལ་བཤད་དེ་མངའ་འོག་ཏུ་བསྡུ་ཐབས་ཀྱི་བཙན་ཤེད་བཀོལ་སྤྱོད་བྱེད་མཚམས་གཏན་ནས་འཇོག་མྱོང་མེད་ལ། ནམ་རྒྱུན་ཨ་རྒྱའི་འབྲེལ་ལམ་ཁྲོད་ཆེས་ཕོག་ཐུག་འགྲོ་སྐྱེན་པའི་གནད་དོན་ཡང་ཐའེ་ཝན་ཡིན་ཟེར་གྱི་ཡོད་འདུག 

བདུན་ཕྲག་གོང་མར་ཨ་རི་གཞུང་ནས་ཐའེ་ཝན་གྱིས་རེ་སྐུལ་ཞུས་པའི་གོ་མཚོན་འཚོང་རྒྱུར་མོས་མཐུན་བྱས་པ་དང་། ཉོ་ཚོང་དེའི་ནང་རཱ་ཐེན་(Raytheon) གོ་མཚོན་བཟོ་གྲྭ་ནས་བཟོས་པའི་ཨེ་བྷི་རན་རྟགས་ཅན་གྱི་ཐང་གེ་(Abrams tanks) ༡༠༨ དང་། གནམ་གྲུ་གཏོར་བྱེད་ཀྱི་མེ་ཤུགས་འཕུར་མདའ་(Stinger anti-aircraft missiles) ༢༥༠ སོགས་ཨ་སྒོར་ཐེར་འབུམ་༢.༢ ཉེ་བའི་གོ་མཚོན་འདུས་ཡོད། 

རེས་གཟའ་པ་སངས་ཉིན་རྒྱ་ནག་གིས་ཐའེ་ཝན་ལ་མཚོན་ཆ་འཚོང་མཁན་གྱི་ཨ་རིའི་བཟོ་གྲྭ་དག་ལ་ཉེས་ཆད་གཅོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་བ་ལས། ཇི་ལྟར་གཅོད་རྒྱུ་ཡིན་པའི་གནས་ཚུལ་ཞིབ་ཕྲ་བཤད་མེད་པ་དང་། བདུན་འདིའི་རེས་གཟའ་ཟླ་བར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་གྷན་ཧྲན་(Geng Shuang) གྱིས་མཚོན་ཆའི་ཉོ་ཚོང་དེ་རྒྱལ་སྤྱིའི་སྒྲིག་ཁྲིམས་དང་འགལ་ཞིང་། རྒྱ་ནག་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་ལ་གནོད་འཚེ་ཆེ་ཚུལ་བཤད་པའི་ཐོག ཉེས་ཆད་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་མེད་པར་”རྒྱ་ནག་གཞུང་དང་རྒྱ་ནག་གི་བཟོ་གྲྭ་རྣམས་ཀྱིས་ཨ་རིའི་བཟོ་གྲྭ་དག་དང་ལྷན་དུ་མཉམ་ལས་དང་ཚོང་འབྲེལ་བྱེད་རྒྱུ་མིན། ད་ལྟའི་ཆར་ངས་ཞིབ་ཕྲའི་གནས་ཚུལ་ལབ་ཐབས་མེད། འོན་ཀྱང་རྒྱ་ནག་མི་མང་ཁ་དན་ཚིག་ལ་གནས་རྒྱུ་ཡིན་པ་དེར་ཡིད་ཆེས་བྱོས”ཞེས་བསྣན་འདུག

ཨ་རིའི་བཟོ་གྲྭ་རྣམས་ལ་ངོ་རྟགས་བརྒྱབས་པ།

བདུན་ཕྲག་གོང་མའི་རེས་གཟའ་ཉི་མའི་ཉིན། རྒྱ་ནག་དམར་ཤོག་ཚོགས་པའི་མི་དམངས་དྲྭ་བས་སོ་སོའི་སྐད་འཕྲིན་ཁ་བྱང་ཐོག་ཏུ་རྩོམ་ཞིག་བཀོད་དེ་ཉེས་ཆད་གཅོད་སྲིད་པའི་ཨ་རིའི་བཟོ་གྲྭ་རྣམས་ལ་ངོ་རྟགས་བརྒྱབས་ཡོད་ཅིང་། ངོ་རྟགས་བརྒྱབས་པའི་བཟོ་གྲྭ་དེ་དག་གི་ནང་དུ་ཨེ་བྷི་རན་རྟགས་ཅན་གྱི་ཐང་གེ(Abrams tanks) ཡི་མ་ལག་བཟོ་མཁན་Honeywell International Inc དང་། མཁའ་གྲུ་བཟོ་མཁན་Gulfstream Aerospace གཉིས་ཚུད་ཡོད་པ་དང་། བཟོ་གྲྭ་འདི་གཉིས་ཀའི་ཁྲོམ་རཱ་གལ་ཆེན་དེ་རྒྱ་ནག་ཆགས་ཡོད་འདུག ད་ལྟའི་ཆར་བཟོ་གྲྭ་གཉིས་ཀྱི་ཕྱོགས་ནས་ལན་འདེབས་གང་ཡང་བྱས་མི་འདུག 

རྒྱ་ནག་གིས་ཐའེ་ཝན་ལ་གོ་མཚོན་འཚོང་མཁན་གྱི་ཨ་རིའི་བཟོ་གྲྭ་རྣམས་ལ་ཉེས་ཆད་གཅོད་རྒྱུའི་སྡིགས་ར་སྐུལ་བ་ད་ཐེངས་འདི་ཐོག་མ་མ་ཡིན་པར།  སྔོན་ཆད་༢༠༡༠ དང་། ༢༠༡༥ གཉིས་ལའང་འཇིགས་སྐུལ་བྱེད་མྱོང་འདུག་མོད། འོན་ཀྱང་དངོས་སུ་ཉེས་ཆད་ལག་བསྟར་བྱས་ཡོད་མེད་གསལ་ཆ་མ་མཆིས། 

རྒྱ་ནག་ཁོང་ཁྲོ་ལངས་དོན་གཞན་ཞིག་ནི། བདུན་ཕྲག་གོང་མར་ཐའེ་ཝན་གྱི་སྲིད་འཛིན་ཚེ་ཡེ་ཝན་ཁཱེ་རི་བྷན་མཚོ་ཁུལ་གྱི་མཐུན་གྲོགས་རྒྱལ་ཁབ་རྣམས་ལ་སྐོར་བསྐྱོད་བྱེད་སྐབས་ཨ་རིས་སྣེ་ལན་བྱས་པས་ཡིན་འདུག་ལ། མོ་བདུན་ཕྲག་རྗེས་མར་སྐོར་བསྐྱོད་ཚར་ནས་ཚུར་ལོག་སྐབས་སླར་ཡང་ཨ་རིར་འགྲོ་རྒྱུ་རེད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༡༨༤༧ ཀློག་གྲངས།