ཉིན་ཤས་རིང་དྷ་སར་ཁང་སྒོ་གཏོར་ནས་རྐུ་འཁྱེར་བྱས་པ་ཁ་ཤས་བྱུང་འདུག

དེ་རིང་དྷ་སར་བོད་མིའི་སྡོད་ཁང་ཞིག་ནང་རྐུན་མ་འཛུལ་འདུག་ལ། དེང་སྐབས་དྷ་སར་རྐུན་མ་མང་དུ་སོང་ཡོད་པའི་སྐད་ཆ་འདུག ཤེས་རྟོགས་བྱུང་བ་ལྟར་ན། གཟའ་འཁོར་སྔོན་མ་ནས་དེ་རིང་བར་དྷ་ས་གངས་སྐྱིད་གཡས་གཡོན་དང་། དྷ་སྟེང་བོད་མི་གནས་སྡོད་བྱེད་སའི་གྲོང་གསེབ་ཁག་ཏུ་ཁྱིམ་ཚང་དྲུག་གི་སྒོ་གཏོར་ཏེ། ཅ་ལག་རྐུ་འཁྱེར་བྱས་འདུག་ལ། ཤེས་རྟོགས་མ་བྱུང་བ་མང་པོ་ཡོད་སྲིད་པ་རེད་འདུག

ཕྱི་ཟླ་༧ ཚེས་༡༤ ཉིན་དྷ་སྟེང་ཨ་མདོ་གྲོང་གསེབ་ཏུ་ཁང་པ་ཞིག་སྒོ་གཏོར་ཡོད་འདུག་པ་དང་། ཚེས་༡༥ ཉིན་དྷ་སྟེང་ཡོངས་གླིང་སློབ་གྲྭའི་འོག་གི་བོད་མིའི་སྡོད་ཁང་གཅིག་སྒོ་གཏོར་ཡོད་འདུག ཚེས་༡༢ ཉིན་གངས་སྐྱིད་རྩེད་ཐང་མར་ཞབས་ཀྱི་གྷང་རའོ་གྲོང་གསེབ་ཏུ་དུས་གཅིག་ལ་བོད་མིའི་སྡོད་ཁང་གཉིས་ཀྱི་སྒོ་གཏོར་ཡོད་པ་དང་། དེ་བཞིན་ཉིན་འདི་དག་རིང་དྷ་ཤོད་ཉེ་འཁྲིས་ཀྱི་བོད་མིའི་སྡོད་ཁང་གཅིག་ཀྱང་སྒོ་གཏོར་ཡོད་འདུག ཟླ་འདིའི་ཚེས་༡༧ ཉིན་གངས་སྐྱིད་རྩེད་ཐང་ཉེ་འགྲམ་དྷ་ཤོད་འགྲོ་སའི་ལམ་ཁར་ཁང་པ་ཞིག་གི་སྒོ་གཏོར་འདུག་ལ། ཁང་པ་ཚང་མ་དྷ་སར་ལས་ཀ་བྱེད་མཁན་དང་སློབ་སྦྱོང་བྱེད་མཁན་ཚོས་རྒྱ་གར་ལག་ནས་གླས་པ་ཤ་སྟག་ཡིན་པ་དང་། རྐུན་ལ་ཤོར་དུས་ཀྱང་ལས་ཀར་སོང་རྗེས་ཀྱི་ཉིན་མོ་ཡིན་པ་རེད།

ཅ་ལག་རྐུ་འཁྱེར་བྱས་པ་ཤེས་རྟོགས་བྱུང་བ་མང་ཆེ་བ་ཀློག་གླད་དང་། ཁ་པར། ཨེ་ཕེ་ཊི། བརྙན་འཕྲིན། གསེར་གྱི་སྐེ་ཐག་དང་རྒྱན་ཆ་ཙག་ཙིག་ཡིན་པ་རེད།

དུས་རྒྱུན་དྷ་ས་རྐུན་མ་ཉུང་སར་ངོས་འཛིན་བྱེད་པ་དང་། ཁང་སྒོ་ཁག་ཀྱང་བརྟན་པོ་མེད་པ་མ་ཟད། ཁང་པ་གླ་མཁན་ཚོ་ས་གནས་འདྲ་མིན་ནས་ཡོང་བ་ཡིན་པས། ཁྱིམ་མཚེས་ཕན་ཚུན་ངོ་ཤེས་འགྲོག་འདྲིས་ཀྱང་ཆེན་པོ་མེད་པ་རེད། གལ་སྲིད་མི་ཞིག་གིས་ཁང་པའི་ནང་ནས་ཅ་ལག་ཁྱེར་འགྲོ་བ་ཁྱིམ་མཚེས་ཀྱིས་མཐོང་ཡང་། དུས་རྒྱུན་འགྲོག་འདྲིས་མེད་པས། རྐུན་མ་ཡིན་དང་དོ་བདག་ཡིན་དོ་སྣང་འབྱུང་གི་མེད་པ་རེད། དྷ་སར་རྐུན་མ་ཉུང་ཉུང་ཡིན་ནའང་ལོ་གཅིག་ནང་དུས་གཅིག་ལ་ཁང་སྒོ་མང་པོ་གཏོར་གྱི་ཡོད་པ་ལས། དུས་རྒྱུན་རྐུན་མར་ཡིད་གཟབ་མི་དགོས་པར་ངོས་འཛིན་བྱེད་མཁན་ཡང་འདུག་ལ། ཉེན་རྟོག་པར་སྙན་སེང་ཞུ་མཁན་མང་པོ་བྱུང་གི་མེད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༣༧༢༩ ཀློག་གྲངས།