གོ་སྐབས་མེད་པའི་གོ་སྐབས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༦༠   ཕྱི་ལོ་ ༢༠༡༩/༧ /༡༧  

ད་ལྟའི་ཆར་ཨ་རིའི་གཞུང་དང་རྒྱ་ནག་གཞུང་གི་འབྲེལ་ལམ་སྐྱོ་རུ་འགྲོ་བཞིན་ཡོད་པས། ཨ་རི་སྲིད་འཛིན་དང་། ཨ་རིའི་གྲོས་ཚོགས་ནས་རྒྱ་དམར་གཞུང་ལ་ཁ་གཏད་ཀྱི་རྣམ་འགྱུར་དེ་ཧ་ཅང་མངོན་གསལ་དོད་དུ་གཏོང་གི་འདུག ལྷག་པར་དུ་རྒྱ་ནག་གི་སྐྱོན་བརྗོད་བྱས་མིན་ལ་མ་ལྟོས་པར་ཉེ་ཆར་ཐའེ་ཝན་གྱི་སྲིད་འཛིན་ཨ་རིར་སླེབས་ཡོད་པ་རེད། འཇིག་རྟེན་གྱི་ཆོས་ཐམས་ཅད་རྟག་བརྟན་འཕོ་འགྱུར་མེད་པ་ཞིག་མིན་པ་དང་། དེ་བས་ཀྱང་ཆབ་སྲིད་ཀྱི་འགལ་འབྲེལ་ནི་འགྱུར་ཆོག་ཆོག་དང་། ཐུག་ཆོག་ཆོག་ཡིན་པ་ནི་ཕྱོགས་སོ་སོའི་ཁེ་ཕན་གཙོ་བོར་བཟུང་ཡོད་པས་རེད། ཁེ་ཕན་དང་འབྲེལ་བའི་ཐོག་ནས་ཕྱོགས་གཅིག་གིས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་བཏང་བ་དང་མཉམ་དུ། ཕྱོགས་གཞན་ནས་ཀྱང་དེ་ལུགས་ཀྱིས་འགྱུར་བ་ཞིག་གཏོང་ངེས་རེད། ལྷག་པར་དུ་ད་ལྟ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ནི་ཚོང་ལ་བྱང་གོམས་ཆེ་བའི་ཆབ་སྲིད་པ་ཞིག་ཡིན་སྟབས། དེ་བས་ཀྱང་ཁོང་གིས་ཚོང་དང་ཁེ་ཕན་གཙོ་བོར་བཟུང་ནས་ཁ་གཏད་གཅོག་གི་ཡོད་སྟབས་ཁེ་ཕན་བྱུང་བ་དང་ཁ་གཏད་ཀྱི་རྣམ་པ་དེ་ཡང་འཇམ་ངེས་རེད། 

ཐའེ་ཝན་གྱི་ངོས་ནས་ཨ་རྒྱ་གཉིས་ཀྱི་འགལ་ཟླའི་དུས་སྐབས་དེ་བེད་སྤྱད་ནས་ཆབ་སྲིད་ཀྱི་ཁེ་ཕན་ཆེན་པོ་ཞིག་བླངས་ཡོད་པ་དང་། ཨ་རི་ནས་གོ་མཚོན་ཕོན་ཆེ་ཞིག་ཀྱང་དུས་སྐབས་འདི་དང་སྟབས་བསྟུན་ནས་ཉོས་ཡོད། མ་འོངས་པར་ཨ་རྒྱའི་འབྲེལ་བ་ཡག་ཏུ་འགྲོ་སྲིད་ཀྱང་། ད་ལྟ་ཐའེ་ཝན་གྱི་སྲིད་འཛིན་ཨ་རིར་བསྐྱོད་པའི་དོན་དངོས་དེ་ལོ་རྒྱུས་ཀྱི་ལེའུའི་ནང་དུ་གསལ་པོ་འཁོད་ངེས་རེད། དེར་བརྟེན་ཁོང་ཚོས་ཆབ་སྲིད་ཀྱི་ཁེ་ཕན་ལེན་སྟངས་དེ་ནོར་མེད་པ་མ་ཟད། དུས་ལ་བབ་པ་ཞིག་ཏུ་གྱུར་ཡོད། ཨ་རྒྱའི་ཚོང་འབྲེལ་གྱི་དམག་འཁྲུག་གནས་སྐབས་ཞི་འཇམ་དུ་འགྲོ་རྒྱུའི་རྣམ་པ་མེད་པས། བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་། སྲིད་སྐྱོང་ཨ་རིའི་སྲིད་དང་མཇལ་འཕྲད་ཞུ་རྒྱུ་ཅུང་དཀའ་སྲིད་ནའང་། ༧གོང་ས་མཆོག་ལོ་རྒྱུས་ནང་ནས་ཨ་རིའི་སྲིད་འཛིན་རིམ་པ་དང་ཕོ་བྲང་དཀར་པོ་ནས་མཇལ་འཕྲད་གནང་ཡོད་པས། གོ་སྐབས་འདི་དང་བསྟུན་ནས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་། ༧གོང་ས་མཆོག་མཇལ་འཕྲད་གནང་རྒྱུའི་གོ་སྐབས་ཤིག་འཚོལ་དགོས་པ་རེད། དེ་ནི་གོ་སྐབས་མེད་པའི་གོ་སྐབས་ཞེས་པ་དེ་རེད། 

ཨ་རྒྱ་གཉིས་ཀྱི་ཆབ་སྲིད་ཀྱི་འགལ་འབྲེལ་ནང་བོད་དོན་བེད་སྤྱོད་གཏོང་གི་ཡོད་ལ། ཕྱོགས་མང་པོ་ནས་བོད་དོན་དེ་བེད་སྤྱོད་ཀྱང་ཆེན་པོ་ཡོད། ཨ་རྒྱ་གཉིས་ཀས་ཁེ་ཕན་དེ་ལེན་བཞིན་པའི་སྐབས་བོད་པས་ཀྱང་གོ་སྐབས་དེ་ངེས་པར་དུ་ལེན་ཐུབ་དགོས། ཨ་རྒྱ་གཉིས་ཀྱི་ཆབ་སྲིད་ཀྱི་འགལ་འབྲེལ་ནང་བོད་དོན་བེད་སྤྱོད་ཡོད་ན། ཨ་རྒྱ་གཉིས་ཀྱི་འགལ་འབྲེལ་ནང་བོད་དོན་ལའང་གོ་སྐབས་མང་པོ་ཡོད་པ་དེ་ལྟོས་གྲུབ་ཀྱི་འབྲེལ་བ་ཞིག་རེད། ཆབ་སྲིད་ཀྱི་ཐོག་ནས་གོ་སྐབས་ཆེ་ཆུང་ག་འདྲ་ཞིག་ཡོད་ཀྱང་འཆོར་མི་རུང་བ་དེ་ཧ་ཅང་གལ་ཆེ་ཞིང་། རྗེས་མ་ལོ་རྒྱུས་ལ་བསྐྱར་ཞིབ་བྱེད་སྐབས་གསེར་ལྟ་བུའི་གོ་སྐབས་མང་པོ་ཞིག་ཆུད་ཟོས་སུ་བཏང་བའི་སྐྱོན་འཛུགས་དེ། བུ་ཚ་ཕྱི་རབས་པ་རྣམས་ཀྱིས་བྱེད་ངེས་རེད་ལ། ང་ཚོས་ཤི་དུར་ཁུང་ནས་ཁ་རྡུང་གཟེད་དགོས་པའི་གནས་ཚུལ་མང་པོ་ཞིག་ལྷགས་ངེས་རེད། དེར་བརྟེན་ཨ་རྒྱ་གཉིས་སོགས་རྒྱ་ནག་དང་ཆབ་སྲིད་ཀྱི་འགལ་ཟླ་ཆེ་བའི་སྐབས་བོད་དོན་ལ་གནས་སྐབས་དང་རྒྱུན་རིང་གི་རྒྱབ་སྐྱོར་གནང་བའི་གོ་སྐབས་ཡོད་པ་དེ་དམ་འཛིན་མ་ཐུབ་ན་བོད་སྤྱིའི་ངོ་ཚབ་ཡིན་པའི་སྐད་ཆ་དེའང་སྟོང་པ་རེད་ཅེས་བརྗོད་ཆོག

ད་དུང་ཁ་གསལ་ཙམ་བརྗོད་དགོས་པ་ཞིག་ལ། གནས་སྐབས་དང་རྒྱུན་རིང་གི་རྒྱབ་སྐྱོར་ཞེས་པ་དེ་ནི། གནས་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་གླེང་བ་དང་། རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་པ་སོགས་བོད་དོན་རྒྱབ་སྐྱོར་གྱི་རྣམ་པ་གསལ་པོ་སྟོན་ཐབས་དང་། རྒྱུན་རིང་གི་རྒྱབ་སྐྱོར་ཞེས་པ་དེ་ནི། བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་རྒྱབ་སྐྱོར་བྱེད་པ་གཅིག་པུ་ལ་གོ་བ་མ་ཡིན་པར། དཔེར་ན་ཨ་རིའི་གྲོས་ཚོགས་ནས་བོད་དོན་རྒྱབ་སྐྱོར་བྱེད་སྟངས་དེ་ཁྲིམས་སུ་གཏན་འབེབས་བྱས་ཟིན་པ་དང་། རྒྱ་གར་གཞུང་གིས་ཀྱང་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་ཡིག་ཆ་ཕྱི་ལོ་༢༠༡༤  ཞེས་པ་གཏན་འབེབས་གནང་ཡོད་པ་ལྟ་བུ་ལ་གོ་དགོས། ཨ་རི་དང་རྒྱ་གར་ལྟ་བུ་མང་གཙོ་ཅན་གྱི་རྒྱལ་ཁབ་ཁག་ཏུ་ཁྲིམས་ཐོག་ནས་གཏན་འབེབས་བྱས་ཟིན་པ་ཞིག་དུས་ཐུང་ནང་འགྱུར་བ་གཏོང་ཆོག་ཆོག་ཅིག་མིན་པར། མ་འོངས་པར་གཞུང་འཛིན་མཁན་སུ་དང་སུ་སླེབས་མིན་དང་། སྲིད་དོན་ཚོགས་པ་གང་དང་གང་སླེབས་མིན་གཅིག་པུ་གནད་འགག་ཆེན་པོ་དེ་ཙམ་མིན་པར་གཏན་འབེབས་བྱས་ཟིན་པ་དེ་ཕལ་ཆེ་བ་ལག་བསྟར་བྱེད་དགོས་པ་ཞིག་རེད། 

མདོར་ན་ཨ་རི་སོགས་སྲིད་གཞུང་མང་པོས་དབུ་མའི་ལམ་ལས་རང་བཙན་ལ་རྒྱབ་སྐྱོར་མེད་པའི་ཤོད་སྟངས་དེ་ཡང་མཐའ་གཅིག་ཏུ་ངེས་པ་མེད་པར། དགོས་མཁོ་དང་དུས་ཚོད་ལ་དཔག་ནས་སྐབས་རེ་བོད་རང་བཙན་སླར་གསོའི་ཐོག་ལ་རྒྱབ་སྐྱོར་གཏན་ནས་བྱེད་མི་སྲིད་པ་མ་རེད། ཨ་རི་ཙམ་མ་ཡིན་པར་རྒྱ་དཀར་ནག་གི་ཆབ་སྲིད་འགལ་འབྲེལ་ནང་དུའང་བོད་དོན་དེ་བེད་སྤྱོད་ཡོད་པ་དང་། བོད་པས་ཀྱང་དེ་མཚུངས་གོ་སྐབས་ལེན་ཐུབ་དགོས། ཁ་འཁོར་ས་གཅིག་དང་རེ་བ་གཅིག་ཁོ་ན་དམ་འཛིན་བྱས་ན། དེ་ནི་བོད་པའི་སྲོལ་རྒྱུན་བསམ་བློའི་ནང་མི་བརྟན་པོ་དང་རང་ཚུགས་ཡོད་པ་ཞིག་ཏུ་བརྩི་སྲོལ་ཡོད་ནའང་། ད་ལྟའི་དུས་ཚོད་འདིར་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག་ལ་གཞིགས་ནས་གོ་སྐབས་དམ་འཛིན་བྱེད་མ་ཐུབ་ན། བོད་དོན་དེ་ལུས་ས་ཞིག་ཏུ་ལུས་འདུག་པ་ལས། བཟང་ཕྱོགས་ཀྱི་འཕེལ་སྐྱེད་གང་ཡང་མེད་ངེས་རེད། ཆབ་སྲིད་ནང་གལ་ཆེ་ཤོས་གོ་སྐབས་དམ་འཛིན་དགོས་པ་དེ་ཡིན་པས། དེའི་ཐོག་བསམ་བློ་གཏོང་མ་ཐུབ་པར་གོ་སྐབས་ཆེན་པོ་ཞིག་ཤོར་ཟིན་པའི་རྗེས་སུ་འགྱོད་པ་དང་ཁ་རྡུང་ཙམ་ལས་འཐོབ་བྱ་གང་ཡང་མེད།།

Share this:
༦༩༥ ཀློག་གྲངས།