ཐའེ་ཝན་གྱིས་ཧོང་ཀོང་གི་ངོ་རྒོལ་བ་རྣམས་སྐྱབས་བཅོལ་དུ་ལེན་འཆར། 

ཕྱི་ལོ་༢༠༡༩ ཟླ་༧ ཚེས་༡༩ ཉིན། དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཐའེ་ཝན་གྱི་སྲིད་འཛིན་ཚ་ཡེན་ཝན་གྱིས་ཧོང་ཀོང་གི་ངོ་རྒོལ་བ་རྣམས་ཐའེ་ཝན་ལ་བྲོས་བྱོལ་དུ་ཡོང་གི་ཡོད་པའི་གཏམ་དེ་བདེན་པ་ཡིན་པའི་ཁས་ལེན་ཐེངས་དང་པོ་བྱས་པ་མ་ཟད། འགྲོ་བ་མིའི་གཞི་རྩའི་བདེ་སྡུག་གི་ཐོག་ནས་སྐྱབས་བཅོལ་ཞུ་མཁན་རྣམས་ངོས་ལེན་ཞུ་འཆར་ཡོད་ཚུལ་བཤད་ཡོད་འདུག 

དེ་ཡང་ཧོང་ཀོང་དུ་རྩོད་རྙོག་ཅན་གྱི་ཁྲིམས་འཆར་ལ་ངོ་རྒོལ་དང་། ཉེན་རྟོག་པ་དང་ལྷན་དུ་དྲག་པོའི་གདོང་ཐུག་བྱུང་ནས་ངོ་རྒོལ་བ་བཅུ་གཉིས་ནས་དྲུག་ཅུ་ཙམ་ཐའེ་ཝན་དུ་འབྱོར་བ་མ་ཟད། དེར་སྐྱབས་བཅོལ་ཞུས་ནས་འདུག་འཆར་ཡོད་པའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་ཡོད་པ་རེད།

དེ་རྗེས་གནད་དོན་དེ་དང་འབྲེལ་བའི་ཐོག་ལ་སྲིད་འཛིན་ཚེ་ཡེན་ཝན་གྱིས་”ངས་འབྲེལ་ཡོད་ལས་ཁུངས་དག་གིས་གནས་སྟངས་དེར་ཞིབ་བཤེར་བྱེད་བཞིན་པའི་ཡིད་ཆེས་ཡོད། ཧོང་ཀོང་གི་གྲོགས་པོ་དེ་དག་ལ་འོས་འཚམ་དང་འགྲོ་བའི་མིའི་གཞི་རྩའི་བདེ་སྡུག་གི་ཆ་ནས་སྣེ་ལེན་ཞུ་རྒྱུ་ཡིན་”ཞེས་བརྗོད་འདུག 

ཨ་རིར་རྟེན་གཞི་བྱས་པའི་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་རེས་གཟའ་ཕུར་བུའི་ཉིན་ཧོང་ཀོང་གི་ངོ་རྒོལ་བ་༡༠ ཐའེ་ཝན་དུ་འབྱོར་བའི་གསར་འགྱུར་སྤེལ་བ་དང་། ཀུ་ཤུ་ཉིན་རེའི་གསར་འགྱུར་(Apole Daily) གྱིས་མི་༣༠ ཡས་མས་ཤིག་ཐའེ་ཝན་དུ་འབྱོར་ཟིན་པ་མ་ཟད། སླར་ཡང་༣༠ ཙམ་ཡོང་རྒྱུའི་འཆར་གཞི་འཐེན་བཞིན་པའི གནས་ཚུལ་བཀོད་ཡོད་འདུག 

ཐའེ་ཝན་གནད་དོན་ལྷན་ཚོགས་(Taiwan’s Mainland Affairs Council) གྱིས་དངོས་སུ་ཧོང་ཀོང་གི་ངོ་རྒོལ་བ་ཇི་ཙམ་ཐའེ་ཝན་དུ་འབྱོར་ཡོད་མེད་དང་། དེ་དག་དང་འབྲེལ་བ་ཡོད་མེད་བཤད་མི་འདུག་ཀྱང་། གལ་སྲིད་ཧོང་ཀོང་གི་མི་སེར་ཐའེ་ཝན་ལ་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུ་བར་ཡོང་ན། གཞུང་གི་འབྲེལ་ཡོད་ལས་ཁུངས་ཚོས་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་གིས་སྣེ་ལེན་ཞུ་ངེས་ཡིན་ཚུལ་བརྗོད་པའི་ཐོག ཆབ་སྲིད་ཀྱི་རང་དབང་དང་བདེ་འཇགས་ལ་ཉེན་ཁ་འཕྲད་པའི་ཧོང་ཀོང་གི་མི་སེར་རྣམས་ལ་དགོས་ངེས་ཀྱི་རོགས་རམ་བྱ་རྒྱུ་ཡིན་ཚུལ་བཤད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༡༩༦༠ ཀློག་གྲངས།