རྒྱ་ནག་ལ་བོད་དང་ཐའེ་ཝན། ཧོང་ཀོང་གི་ངོ་རྒོལ་སྐོར་མཚུངས་བསྡུར་གླེང་སློང་།

རྒྱ་ནག་ལ་བོད་དང་ཐའེ་ཝན། ཧོང་ཀོང་གི་ངོ་རྒོལ་སྐོར་བོད་རྒྱ་སྐད་གཉིས་ཀྱི་རྩོམ་པ་པོ་ལྷ་སྡེ་གནམ་ལོ་ཡག་ལ་བཅར་འདྲི་བྱས་པར་ཁོང་གིས། “ཧོང་ཀོང་རང་བཙན་གྱི་ལྟ་བ་དང་ལས་འགུལ་ཡང་ཤུགས་ཆེ་རུ་འཕེལ་བཞིན་ཡོད། དེ་ནི་ཧོང་ཀོང་མི་དམངས་ཀྱིས་རང་དབང་དང་ལམ་སྲོལ་རྒྱུན་གནས་ཡོང་ཐབས་ངོ་མ་དེ་རང་བཙན་ཡིན་པར་གོ་བ་ལེན་བཞིན་པར་ཐེ་ཚོམ་མི་འདུག་”ཅེས་གསུངས་སོང་།

དྲི་བ། ཧོང་ཀོང་༡༩༩༧ ལོར་རྒྱ་ནག་འོག་ཏུ་སོང་ནས་ལོ་གཉིས་གསུམ་རིང་དང་། དེའི་རྗེས་ནས་ད་ལྟའི་བར་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་ཆེ་ཤོས་ག་རེ་སོང་ཡོད་པར་ངོས་འཛིན་གྱི་ཡོད། ཡག་སྡུག་གཉིས་ཀྱི་ངོས་ནས་བཤད་ན་འགྲིག

རྩོམ་པ་པོ་ལྷ་སྡེ་གནམ་ལོ་ཡག་ནི་ཕྱི་ལོ་༡༩༩༢ ལོའི་ཟླ་༧ ནང་། མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གླིངབོད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་ཞིང་། སློབ་ཁྲིད་ཞིབ་འཇུག་པ་བྱས་འདུག ཕྱི་ལོ་༡༩༩༣ ལོའི་ཟླ ༥ཚེས ༩ཉིན། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ཁང་གིས་འཛིན་བཟུང་གིས་རྒྱལ་ཁབ་ཁ་བྲལ་བའི་ཉེས་མིང་བཀལ། ཕྱི་ལོ་༡༩༩༧ ལོའི་ཟླ་༡༡ ཚེས་༡༤ ཉིན་གློད་གྲོལ་ཐོབ་འདུག ཕྱི་ལོ་༡༩༩༩ ལོའི་ཟླ་༣ ནང་རྒྱ་གར་ནང་བཙན་བྱོལ་ལ་འབྱོར་འདུག ཕྱི་ལོ་༡༩༩༩ ལོའི་ཟླ་༥ ཚེས་༡་ཉིན་ནས་ཕྱི་ལོ་༢༠༠༥ ལོའི་ཟླ་༣ ཚེས་༣༡ ཉིན་བར། བཙན་བྱོལ་བོད་གཞུང་བོད་གནས་ཉམས་ཞིབ་ཁང་དུ་ཉམས་ཞིབ་པའི་ལས་ཀ་བྱས་ཤིང་། དམིགས་བཀར་བོད་རྒྱའི་ས་མཚམས་ལོ་རྒྱུས་ཞིབ་འཇུག་བྱས། དེ་མཚུངས་སུ་རྒྱ་ཡིག་གི་དུས་དེབ་དང་དྲ་རྒྱའི་སྟེང་སྙན་ངག་དང་དཔྱད་རྩོམ་གང་མང་སྤེལ། དུས་ཡུན་འདིའི་ནང་ཡིག་འབྲུ་ས་ཡ་གཅིག་ལྷག་གི་གསར་རྩོམ་དང་ཡིག་འབྲུ་ས་ཡ་གསུམ་དང་འབུམ་ལྔ་ལྷག་གི་ཡིག་བསྒྱུར་གྲུབ་ཡོད་འདུག ཕྱི་ལོ་༢༠༠༥ ལོའི་ཟླ་༤ ཚེས་༡ ཉིན་ནས་ཕྱི་ལོ་༢༠༠༧ ལོའི་ཟླ་༥ ཚེས་༡༣ ཉིན་བར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངྷ་རམ་སཱ་ལར་སྡོད་པའི་མཐོ་རིམ་ཞིབ་འཇུག་པའི་ལས་ཀ་གཉེར་འདུག ཕྱི་ལོ་༢༠༠༧ ལོའི་ཟླ་༥ ཚེས་༡༤ ཉིན། ཨོ་སི་ཁྲི་ལི་ཡར་བསྐྱོད་བསྐྱོད་ནས་ཕྱི་ལོ་༢༠༠༩ ལོ་ནས་དེང་གི་བར། རྒྱལ་སྤྱིའི་བོད་རིག་པའི་གླེང་སྟེགས་ཀྱི་རྩོམ་སྒྲིག་པའི་ལས་འགན་གླ་མེད་དུ་ཞོར་སྒྲུབ་བྱེད་བཞིན་ཡོད།

ལན། ཧོང་ཀོང་དེ་བཞིན་རྒྱ་ནག་དམར་ཤོག་གཞུང་གི་འོག་ཏུ་ཕྱི་ལོ་༡༩༩༧ ལོར་ལོག་པ་ནས་དེང་གི་བར་གྱི་ཆབ་སྲིད་ལམ་ལུགས་ཀྱི་འགྱུར་བ་ཆེས་ཤོས་དེ་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཟེར་བ་ལག་བསྟར་བྱེད་ཀྱིན་པ་དེ་རེད། དེ་ནི་ཧོང་ཀོང་གི་ཕྱི་འབྲེལ་དང་རྒྱལ་སྲུང་གཉིས་ཀྱི་དབང་ཆ་རྒྱ་ནག་དམར་ཤོག་གཞུང་ལ་ཡོད་པ་ལས་ཧོང་ཀོང་མུ་མཐུད་དུ་དམངས་གཙོ་ཀ་བ་གསུམ་ལྡན་གྱི་ལམ་ལུགས་སམ། ཁྲིམས་སྒོ་རང་བཙན་ཏེ་སྔར་ཡོད་མ་རྩ་རིང་ལུགས་ཀྱི་ལམ་སྲོལ་དང་འཚོ་བ་སྐྱེལ་སྟངས་ཉུང་མཐར་ལོ་ངོ་༥༠ རྒྱུན་སྐྱོང་ཆོག་པ་དབྱིན་ཇི་གཞུང་དང་རྒྱ་དམར་གཞུང་གཉིས་བར་གྲོས་མོལ་བརྒྱུད་ནས་གཏན་འབེབས་དང་རྒྱ་ནག་དམར་ཤོག་རྒྱལ་ཁབ་བམ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་དམངས་འཐུས་མི་ཚོགས་ཆེན་ནས་ཆོག་མཆན་སྤྲད་པའི་“ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྩ་བའི་ཁྲིམས་གཞི་”ནང་གསལ་ཡོད། དོན་ལ་རྒྱ་ནག་དམར་ཤོག་གཞུང་ནི་ཤོག་ཁག་གཅིག་གི་དབང་བསྒྱུར་འོག་གི་སྲིད་གཞུང་ཞིག་ཡིན་པས། ངོ་གདོང་ངམ་ཡིག་ཐོག་ཏུ་ཁྲིམས་སྲོལ་འདྲ་ཆགས་པོ་མང་ཡང་དོན་ལ་གང་ཟག་གི་དབང་བསྒྱུར་འོག་ཏུ་ཡོད། དེའི་དབང་གིས་གནའ་དེང་གཉིས་ཀར་ཁས་ལེན་དང་ལག་ལེན་གཉིས་མཉམ་དུ་ཡོང་མྱོང་མེད། ཁ་ཞེ་གཉིས་ཀ་མ་མཐུན་པའི་ཉེར་ལེན་ལ་བརྟེན་ནས་ཕྱི་ལོ༡༩༩༩ ལོ་ནས་ཧོང་ཀོང་ནང་རྒྱ་ནག་པ་ས་ཡ་མང་བོ་གནས་སྤོར་བའི་གནད་དོན་བྱུང་བ་རེད།

ཧོང་ཀོང་སྲིད་གཞུང་གིས་རྒྱ་ནག་དམར་ཤོག་གཞུང་མི་དམངས་འཐུས་མི་ཚོགས་ཆེན་ལ་རྒྱ་ནག་གནས་སྤོར་བ་ས་ཡ་གཅིག་དང་འབུམ་ལྔ་ལས་མ་བརྒལ་བ་གནང་རོགས་ཀྱི་ཞུ་གཏུགས་དང་། “ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྩ་བའི་ཁྲིམས་གཞི་”དོན་ཚན་༢༢ དང་༢༤ ལ་ཡང་འགྲེལ་རྒྱག་པའི་དགོས་འདུན་བཏོན་འདུག སྐབས་དེ་ནས་བཟུང་སྟེ་རྒྱལ་སྤྱིའི་སྟེང་ནས་ཧོང་ཀོང་གི་ཁྲིམས་སྒོ་རང་བཙན་གྱི་གནས་སྟངས་མུ་མཐུད་གནས་ཐུབ་མིན་ལ་དོ་སྣང་བྱེད་འགོ་ཚུགས་འདུག

ལྷག་པར་དུ་ཕྱི་ལོ་༢༠༡༤ ལོར་རྒྱ་ནག་དམར་ཤོག་གཞུང་གིས་“ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་བསྟར་”ཟེར་བའི་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་གྱིས་རྒྱ་ནག་དམར་ཤོག་གཞུང་གིས་ཧོང་ཀོང་ལ་དབང་ཆ་ག་ཚད་སྤྲད་མིན་ནི་ཧོང་ཀོང་ལ་དབང་ཆ་ག་ཚད་ཡོད་མེད་ལ་ཐུག་ཡོད་ཚུལ་གྱི་འགྲེལ་བཤད་གསར་པ་ཐོན་པས། ཧོང་ཀོང་མི་དམངས་ཀྱིས་རང་ཉིད་ཀྱི་རང་དབང་དང་སྔར་ཡོད་ལམ་སྲོལ་རྒྱུན་སྐྱོང་ཆེད་གཅིག་རྗེས་གཉིས་མཐུད་ཀྱིས་ངོ་རྒོལ་ལས་འགུལ་རབ་དང་རིམ་པ་སྤེལ་བཞིན་པར་མ་ཟད། ཧོང་ཀོང་རང་བཙན་གྱི་ལྟ་བ་དང་ལས་འགུལ་ཡང་ཤུགས་ཆེ་རུ་འཕེལ་བཞིན་ཡོད། དེ་ནི་ཧོང་ཀོང་མི་དམངས་ཀྱིས་རང་དབང་དང་ལམ་སྲོལ་རྒྱུན་གནས་ཡོང་ཐབས་ངོ་མ་དེ་རང་བཙན་ཡིན་པར་གོ་བ་ལེན་བཞིན་པར་ཐེ་ཚོམ་མི་འདུག

དྲི་བ། ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རང་སྐྱོང་དང་། བོད་ཀྱིས་རྒྱ་ནག་གི་རྩ་ཁྲིམས་འོག་མིང་དོན་མཚུངས་པའི་ས་གནས་མི་རིགས་རང་སྐྱོང་རྩོད་པ་གཉིས་བར་ཁྱད་པར་ཆེན་པོ་ཡོད་དམ།

ལན། དེ་གཉིས་ལ་གནམ་ས་ལྟ་བུའི་ཧེ་བག་ཡོད་པ་རེད། གོང་དུ་ཞུས་ཟིན་པ་ལྟར་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རང་སྐྱོང་ནི་ཕྱི་འབྲེལ་དང་རྒྱལ་སྲུང་གཉིས་ཕུད་པའི་ལྷག་འཕྲོས་ནང་སྲིད་ཀྱི་དབང་ཆ་ཚང་མ་ཧོང་ཀོང་མི་དམངས་ལ་ཡོད་པ་རེད། དཔེར་ན། ལྟོས་ས་ལྟོས་འཇོག་གི་སྨྲ་བརྗོད་དང་འདུ་འཛོམས་རང་དབང་ཡོད་པས། རྒྱ་ནག་དམར་ཤོག་གཞུང་གིས་ཧོང་ཀོང་ནང་ད་དུང་གང་བྱུང་དུ་དྲག་ཤུགས་སྤེལ་ཐུབ་ཀྱི་མེད། དེ་ལས་ལྡོག་ནས་“རྒྱ་ནག་དམར་ཤོག་གཞུང་གི་རྩ་ཁྲིམས་”འོག་གི་མིང་དོན་མཚུངས་པའི་རང་སྐྱོང་ཟེར་དུས། དེང་སྐབས་བོད་ནང་རྒྱ་ནག་དམར་ཤོག་གཞུང་གིས་མི་སེར་སྤེལ་ཡུལ་ཁག་ལ་“མི་རིགས་ས་ཁོངས་རང་སྐྱོང་”འབོད་ཀྱིན་པ་དང་འཛིན་སྐྱོང་གི་གནས་སྟངས་གཅིག་པ་རེད། རྒྱུ་མཚན་ནི་“རྒྱ་ནག་དམར་ཤོག་གཞུང་གི་རྩ་ཁྲིམས་”ཀྱི་ལེའུ་དང་པོའི་དོན་ཚན་དང་པོའི་ནང་“… .. སྤྱི་ཚོགས་རིང་ལུགས་སྒྲིག་སྲོལ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་བའི་སྒྲིག་སྲོལ་ཡིན། རྒྱ་ནག་དམར་ཤོག་གི་དབུ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བའི་ཁྱད་ཆོས་ཡིན། ཚོགས་སྡེའམ་མི་སྒེར་སུས་ཀྱང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་གཏོར་སྐྱོན་བཟོ་མི་ཆོག་”ཅེས་ཁ་གསལ་ཡོད་པས། ལམ་སྲོལ་འདིའི་འོག་ཏུ་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་འདུ་བའི་རང་དབང་དང་དམངས་གཙོ་མེད་པའི་ཁར། རྒྱ་ནག་དམར་ཤོག་གི་དབུ་ཁྲིད་དུས་ནས་དུས་སུ་དབུ་ཁྲིད་ལ་བཀུར་དགོས། ད་དུང་ཐོབ་ཐང་གཞན་དག་ཀྱང་ཤོག་བུའི་ངོས་སུ་ཡོད་པ་ལས་ལག་ལེན་ནང་ཡོང་གི་མེད་པར་གཞན་དབང་དྲག་ཤུགས་འོག་འཚོ་དགོས། ཚང་མར་རྒྱུས་ཡོད་པའི་དཔེར་མཚོན་གསལ་ཤོས་ནི་གནས་སྟངས་ཛ་དྲག་དེའི་འོག་ནས་བོད་ནང་མེར་བསྲེག་ངོ་རྒོལ་བསྟུད་མར་བྱུང་གིན་པ་དེ་རེད།

དྲི་བ། སྔོན་མ་པེ་ཅིང་དུ་སློབ་མའི་མང་གཙོའི་ལས་འགུལ་དང་། ད་ལྟ་ཧོང་ཀོང་གི་སློབ་མའི་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་བར་མཐུན་ས་དང་མ་མཐུན་སའི་ཁྱད་པར་ཡོད་དམ།

ལན། དེ་གཉིས་ལ་མཐུན་ས་ལས་མི་མཐུན་ས་མང་བོ་རེད། གལ་སྲིད་མཐུན་ས་ཞིག་བཙལ་དགོས་ན་གཉིས་ཀའི་ཁ་གཏད་ཡུལ་རྒྱ་ནག་དམར་ཤོག་གཞུང་ཡིན་པ་དེ་གཅིག་མཚུངས་རེད། དེ་མིན་སྔ་མས་ཐོབ་ཐང་དང་དབང་ཆ་སྤྲད་རོགས་ཞེས་ཚུར་སློང་གི་ཡོད་པ་དང་ཕྱི་མས་ཐོབ་ཐང་དང་དབང་ཆ་ཕར་སྤྲོད་ཀྱི་མིན་ཞེས་འགོག་སྲུང་བྱེད་ཀྱི་ཡོད་པ་རེད། སྔ་མས་རྒྱལ་ཁབ་གཅིག་གི་ལམ་ལུགས་རང་དབང་དང་དམངས་གཙོ་ལ་འགྱུར་བ་ཡོང་རེ་དམིགས་ཡོད་པ་དང་ཕྱི་མས་ལག་ལེན་ནང་བསྟར་བཞིན་པའི་“རྒྱལ་ཁབ་གཅིག་ལམ་ལུགས་གཉིས་”ཀྱི་སྒྲོམ་གཞི་གཏོར་དོགས་ལ་སྔོན་འགོག་གནང་གི་ཡོད་པ་རེད། སྔ་མར་རྒྱལ་ཁབ་གཅིག་གྱུར་ཐད་བསམ་ཚུལ་མ་མཐུན་པ་མེད་པ་དང་ཕྱི་མའི་ཁྲོད་ཧོང་ཀོང་རང་བཙན་གྱི་ལྟ་བ་དང་ལག་ལེན་མཉམ་བསྐྱོད་གནང་གི་ཡོད་པ་རེད། འདི་དག་དཔེར་མཚོན་ཙམ་དྲངས་པ་ཡིན།

དྲི་བ། བོད་ཀྱི་ངོ་རྒོལ་རིམ་པ་དང་། པེ་ཅིང་དུ་༡༩༨༩ ལོའི་སློབ་མའི་ངོ་རྒོལ་ལ་དྲག་གནོན་ཚབ་ཆེན་བྱས་རེད། དེ་ལ་བལྟས་ན་ཧོང་ཀོང་ཅུང་གུ་ཡངས་བ་ཡོད་པ་གཟིགས་ཀྱི་ཡོད་དམ། ཡོད་ན་རྒྱུ་མཚན་ཅི་རེད་དགོངས་ཀྱི་འདུག

ལན། གནད་དོན་འདི་རིམ་པ་གཉིས་སུ་དབྱེ་ནས་ལྟ་དགོས་ཀྱི་རེད་འདོད། དང་པོ། བོད་དེ་བཞིན་སྔོན་མ་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་ནང་ཡིན་ནའང་འདྲ། དེང་སྐབས་དུས་རབས་ཉེར་གཅིག་པའི་ནང་ཡིན་ནའང་ཆོག ཕྱི་ལ་སྒོ་དབྱེ་མེད་པའི་ལུང་བ་ཞིག་ཡིན་པས། སྔར་མའོ་ཙེ་ཏུང་གིས་གོ་སྐབས་དེ་བཟུང་ནས་བོད་ཐོག་“སྒོ་གཏན་ནས་ཁྱི་རྡུང་བ་”ཟེར་བའི་འཐབ་རྩལ་དེ་བཀོལ་ཡོད་ལ། དེང་སྐབས་རྒྱ་ནག་དམར་ཤོག་གཞུང་གིས་ཀྱང་འཐབ་རྩལ་དེ་མུ་མཐུད་དུ་བཀོལ་བཞིན་ཡོད། དེའི་དོན་ག་རེ་ཡིན་ནམ་ཟེར་ན། གཞན་ལ་ཤེས་མ་བཅུག་པའམ་མཐོང་མ་བཅུག་པར་བོད་མི་ཚོར་ཉེས་རྡུང་གཏོང་བ་དང་གསོད་གཏུབ་འཕྲོག་གསུམ་སྤེལ་བཞིན་པར་གོ་དགོས།
གཉིས་པ། ཧོང་ཀོང་ལ་ལྟ་སྐབས། བརྒྱ་སྡེ་ཡི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་ཟེར་བ་ལྟར་ཧོང་ཀོང་ནི་བོད་ལས་ལྡོག་ནས་རྒྱལ་སྤྱིའི་མིག་ཁ་ན་ཡོད་པས། རྒྱ་ནག་དམར་ཤོག་གཞུང་གིས་དྲག་ཤུགས་བཀོལ་བར་ཕྱི་རྐྱེན་དང་ནང་རྐྱེན་གང་གི་ཐད་ནས་ཀྱང་ཚང་གི་མེད། གཅིག་ནས་རྒྱ་ནག་དམར་ཤོག་གཞུང་ཐོག་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་ཐེབས་པར་ཞེད་ཀྱི་ཡོད། དཔེར་ན། རྒྱ་ནག་དམར་ཤོག་གཞུང་གིས་འཛམ་གླིང་སྟེང་སྟོབས་ཤུགས་རྒྱ་བསྐྱེད་ལ་དམིགས་པའི་“རྒྱུད་གཅིག་ལམ་གཅིག་གི་འཆར་གཞི་”སོགས་མང་བོ་ཞིག་ལ་འགོག་རྐྱེན་ཐེབས་ཀྱི་ཡོད་པས་ཡིན། གཉིས་ནས་རྒྱ་ནག་དམར་ཤོག་མཐོ་རིམ་དཔོན་རིགས་ཚོས་ཧོང་ཀོང་གི་རང་དབང་ཅན་གྱི་དཔལ་འབྱོར་ཐོབ་ཐང་བེད་སྤྱོད་ཀྱིས་རང་ཉིད་ཀྱི་དངུལ་དངོས་དེ་གར་དོ་དམ་དང་འཕེལ་རྒྱས་གཏོང་གི་ཡོད། གལ་ཏེ་རྒྱ་ནག་དམར་ཤོག་གཞུང་གིས་ཧོང་ཀོང་མི་དམངས་སྟེང་དུ་དྲག་ཤུགས་བཀོལ་བ་ཡིན་ན། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཧོང་ཀོང་གི་དཔལ་འབྱོར་ཐོབ་ཐང་དེ་རིགས་མེད་པ་བཟོ་ངེས་ཡིན་པ་ཤེས་ཀྱི་ཡོད་པ་རེད།

དྲི་བ། ཧོང་ཀོང་ནང་རང་བཙན་འཐབ་རྩོད་བྱེད་མཁན་ཡོད་རེད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་མང་གཙོ་རྩོད་མཁན་ཡང་ཡོད་རེད། ངོ་རྒོལ་དེ་ཚོས་ནུས་པ་གང་འཚམས་ཐོན་གྱི་ཡོད་པ་ལྟ་བུ་འདུག་ལ། དྲག་གནོན་ཤུགས་ཆེན་བྱས་མ་སོང་། ཐོག་མར་ཧོང་ཀོང་ལ་ལམ་ལུགས་གཉིས་ཟེར་བ་སྤྲད་དུས། བོད་པའི་ངོས་ནས་ཀྱང་རེ་བ་བརྒྱབ་ཡོད་ཚོད་འདུག་ལ། རྒྱ་ནག་གི་རྩ་ཁྲིམས་འོག་གི་ས་གནས་མི་རིགས་རང་སྐྱོང་གི་བསམ་འཆར་ཡིག་ཆ་ཡང་༢༠༠༨ ལོར་རྒྱ་ནག་གཞུང་ལ་སྤྲད་ཟིན་རེད། ཡིན་ཡང་ད་དུང་ཡ་ལན་ཙམ་ཡང་མེད་པར་མུ་མཐུད་བོད་ཐོག་དམ་དྲག་དེ་འདྲ་བྱེད་རྐྱེན་གཙོ་བོ་གང་ལ་ཐུག་རེད་བསམ་གྱི་འདུག

ལན། དྲི་བ་འདི་ཧ་ཅང་གལ་ཆེན་ཞིག་རེད། རྒྱུ་རྐྱེན་གཙོ་བོ་དེ་སྐབས་དེའི་“བོད་རྒྱ་འབྲེལ་མོལ་”ཟེར་བའི་སྔ་རྗེས་བར་གསུམ་ལ་འཐབ་རྩལ་རང་བཞིན་གྱི་ཇུས་འགོད་བྱེད་མ་ཤེས་པའམ། བྱེད་མ་ཐུབ་པར་འབྲེལ་བ་ཆགས་ཡོད།  དཔེར་ན། རྒྱ་ནག་དམར་ཤོག་གཞུང་གིས་ཕྱོགས་གཅིག་ནས་དབྱིན་ཇི་གཞུང་ལ་ཕྱི་ལོ་༢༠༠༨ ལོའི་ཟླ་༡༡ ཡར་སྔོན་བོད་རྒྱ་འབྲེལ་མོལ་བེད་སྤྱོད་ཀྱིས་གོ་བསྐོན་བློ་འགུགས་གང་ཐུབ་བྱས་པས་སྐབས་དེའི་དབྱིན་གཞུང་གི་ཕྱི་འབྲེལ་བློན་ཆེན་David Milibandཀྱིས་ཕྱི་ལོ་༢༠༠༨ ལོའི་ཟླ་༡༠ ཚེས་༢༩ ཉིན་གསལ་བསྒྲགས(དྲ་ཐགhttps://web.archive.org/web/20081202021442/http://www.fco.gov.uk/en/newsroom/latest-news/?view=PressS&id=8299838) ཤིག་སྤེལ་ནས“ང་ཚོར་ལོ་ངོ་༦༠ ཡར་སྔོན་(བོད་ལ)ཡོད་པའི་གནས་སྟངས་སླར་གསོར་སྤྲོ་བ་མེད་ཅིང་། ཏཱ་ལའི་བླ་མ་མཆོག་ནས་ཀྱང་སླར་གསོ་མི་བྱེད་གསུངས་སོང་”ཞེས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་གསར་ལམ་ལན་འདེབས་ཙམ་ལ་ཁག་དཀྲི་བརྒྱུད་ནས་“བོད་རང་བཙན་ལ་རྒྱབ་བསྐྱོར་མི་བྱེད་པ་དང་ཡུ་རོབ་མཐུན་ཚོགས་དང་ཨ་རི་ལྟར་བོད་དེ་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པར་ངོས་ལེན་ཡོད་”ཅེས་དང་། དེའི་ཡར་སྔོན་“བོད་དེ་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་མ་ཡིན་པའི་ལངས་ཕྱོགས་བཟུང་བ་དུས་རབས་ཀྱི་ནོར་འཁྲུལ་ཞིག་ཡིན་”ཚུལ་བརྗོད་པ་རེད།

ཕྱོགས་གཞན་གཅིག་ནས་རྒྱ་ནག་དམར་ཤོག་གཞུང་གིས་དབྱིན་ཇི་གཞུང་གིས་“བོད་དེ་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པ་”ངོས་ལེན་བྱས་མ་ཐག་ལོ་དེའི་ཟླ་༡༡ ཚེས་འགོར་འབྲེལ་མོལ་ཟེར་བ་ཉིན་གཉིས་བརྒྱུད་རྗེས་རྒྱ་ཕྱོགས་ཀྱི་བོད་རྒྱ་འབྲེལ་མོལ་ལ་འགན་འཁུར་མཁན་དང་རྒྱ་ནག་དམར་ཤོག་གཞུང་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་མདུན་ལ་ཕུད་ནས་ངྷ་རམ་ས་ནས་ཕར་སྤྲད་པའི་རྒྱ་ནག་དམར་ཤོག་གཞུང་གི་རྩ་ཁྲིམས་འོག་“བོད་རིགས་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་”ལ་བསྙོན་འབྱིན་བྱས་པ་རེད།

དབྱིན་གཞུང་གིས་རྒྱ་ནག་དམར་ཤོག་གཞུང་ལ་ངོས་ལེན་ཤོར་བ་དེས་བོད་ལོ་རྒྱུས་ཐོག་ནས་རྒྱ་ཁོངས་རེད་ཟེར་གྱི་མེད་མོད། ༡༩༥༡ ལོ་ནས་བོད་དེ་རྒྱ་ནག་དམར་ཤོག་གཞུང་གི་མི་སེར་སྤེལ་ཡུལ་དུ་བསྒྱུར་བ་ཁྲིམས་མཐུན་ཡིན་པར་ངོས་ལེན་བྱས་ཡོད་པས།“བོད་ཀྱི་གནད་དོན་དེ་བཞིན་རྒྱ་ནག་དམར་ཤོག་གཞུང་ངམ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་སྲིད་”ཟེར་བ་ཡིན་པར་ཁས་ལེན་ཤོར་ཡོད་པ་རེད་ལ། ངྷ་རམ་ས་ནས་ཕར་རྒྱ་ནག་དམར་ཤོག་གཞུང་ལ་སྤྲད་པའི་ཡིག་ཆའི་གཞོགས་འདེགས་ཆགས་པ་ཡོད། དེ་དག་གི་ཉེར་ལེན་ལ་བརྟེན་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བོད་ཀྱི་གནད་དོན་ལ་ཡོངས་གྲགས་སུ་རྒྱབ་བསྐྱོར་རྒྱག(འདིའི་ཡར་སྔོན་བོད་ཀྱི་བདག་དབང་སུ་ཡོད་ལ་ཁ་གསལ་མེད་པའམ་མག་མོག་རང་བཞིན་ཅན་ཞིག་ཡིན)པའི་ལམ་ཁ་དེ་འགག་པ་རེད།

དེ་དང་མཉམ་དུ་རྒྱ་ནག་དམར་ཤོག་གཞུང་གི་ལག་པར་ཤོར་ཟིན་པའི་ངྷ་རམ་ས་ལའི་སྣ་ཐག་གསང་བའི་འོས་འགན་ཅན་གྱི་རྒྱ་ནག་གི་ཚོང་བ་དང་ཤེས་ཡོན་པ་ཡིན་ཟེར་མཁན་ཚོའི་ལག་པར་སྤྲད་ནས་ཉུང་མཐར་ངྷ་རམ་ས་ལར་“མ་འོངས་འབྲེལ་མོལ་”ཡོང་བྱེད་ཀྱི་མ་རྩ་ཡོད་ལ་མེད་ལ་དག་ཤོར་བ་སྟེ།“བཙན་བྱོལ་བོད་གཞུང་གི་མཚན་གནས་ཕྱིར་བསྡུ་”དང་“བཀའ་ཁྲིའི་མཚན་གནས་ཕྱིར་བསྡུ།”  “ཞིས་ཅིན་ཕེན་ལ་གསང་འཕྲིན་”བཅས་ལོ་རྒྱུས་རང་བཞིན་གྱི་མགོ་བསྐོར་ཞིག་གི་འོག་ཏུ་ཚུད་པ་རེད། ཡིན་ནའང་། སྟབས་འགྲིག་ནས་བོད་ནང་རྒྱ་ནག་དམར་ཤོག་གཞུང་གི་མི་སེར་སྤེལ་བའི་དབང་བསྒྱུར་ལ་ངོས་ལེན་མེད་པའི་ངོ་རྒོལ་ལས་འགུལ་མུ་མཐུད་དུ་འགྲོ་བཞིན་པ་རེད།

དྲི་བ། འོ་ན། ལོ་རྒྱུས་རང་བཞིན་གྱི་མགོ་བསྐོར་དེ་ལས་ཐར་ཐབས་ཀྱི་ལམ་ཁ་འདྲ་ཡོད་དམ།

ལན། རྒྱ་ནག་ལ་གཏམ་དཔེ་ཞིག་ཡོད་པ་རེད། མདུད་པ་གྲོལ་མཁན་དེ་མདུད་པ་རྒྱག་མཁན་ཡིན་ཟེར། གང་ལྟར་ཡང་ངྷ་རམ་ས་ནས་རྒྱ་ནག་དམར་ཤོག་གཞུང་ལ་ཕར་སྤྲད་པའི་“བོད་རིགས་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་”དེ་རྒྱལ་བ་རིན་པོ་ཆེ་མཆོག་གི་མཚན་གནས་རྗེས་འབྲེལ་ཞིག་ཆགས་ཀྱི་ཡོད་ནའང་། རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལོ༢༠༠༡ ལོ་ནས་ཕྱེད་བགྲེས་ཡོལ་དང་ཕྱི་ལོ་༢༠༡༡ ལོ་ནས་སྲིད་འགན་བཙན་བྱོལ་མང་ཚོགས་ཁྲོད་འོས་བསྡུ་བྱས་ནས་ཡོང་བཞིན་པའི་སྲིད་སྐྱོང་རིམ་བྱོན་ལ་རྩིས་སྤྲད་ཡོད། དོན་ལ་སྐབས་དེ་ནས་རྒྱལ་བ་རིན་པོ་ཆེ་མཆོག་སྔར་བྱུང་མ་མྱོང་བའི་བོད་རྒྱ་གཉིས་ཀྱི་“བར་འདུམ་པ་”ཆགས་ཡོད།

གལ་ཏེ་རྒྱ་ནག་དམར་ཤོག་གཞུང་ཕྱོགས་ནས་བོད་ཀྱི་གནད་དོན་དུས་ཐོག་སེལ་བ་ཡིན་ན་རྒྱལ་བ་རིན་པོ་ཆེར་བོད་མི་ཚོར་གོ་བསྐོན་བློ་འགུགས་ཀྱི་ནུས་པ་བླ་ན་མེད་པ་ཞིག་ལྡན་ཡོད་མོད། བོད་ཀྱི་གནས་སྟངས་འདི་མུར་སོང་བ་ཡིན་ན་རྒྱལ་བ་རིན་པོ་ཆེ་“བར་འདུམ་པ་”ཡིན་པ་ལས་བོད་དོན་གྱི་མཐའ་མའི་ཐག་གཅོད་མཁན་བོད་རྒྱ་ཆེ་མི་དམངས་ཡིན་པས། རྒྱལ་བ་རིན་པོ་ཆེ་མཆོག་གིས་སྔར་“བོད་ཀྱི་གནད་དོན་གྱི་མཐའ་མའི་ཐོག་དབང་ཆ་བོད་རྒྱ་ཆེ་མི་དམངས་ལ་ཡོད་”ཅེས་ཕེབས་མྱོང་བའི་གསུང་འཕྲིན་དེར་བསྐྱར་ནན་བྱེད་པའི་དུས་སུ་ཏག་ཏག་བབས་ཡོད། འདི་ནི་རྒྱལ་བ་རིན་པོ་ཆེ་མཆོག་གི་རྩ་བའི་ལངས་ཕྱོགས་ལ་རྒྱ་ནག་དམར་ཤོག་གཞུང་ནས་དོགས་སློང་བྱེད་ས་ལྷག་མེད་པའི་ལམ་ཁ་ཡག་ཤོས་དེའང་ཡིན། དེ་བསམ་བློ་གཏོང་ས་གཅིག་ཡིན།

བསམ་བློ་གཏོང་ས་གཞན་གཅིག་དེ་ཕྱི་ལོ་༡༩༥༩ ལོའི་ཟླ་༣ ཚེས་༡༠ ཉིན་ལྷ་ས་ནས་བོད་མིའི་སྒེར་ལངས་གནང་སྐབས། ཟླ་དེའི་ཚེས་༡༠ ནས་༡༦ ཉིན་བར་རྒྱལ་བ་རིན་པོ་ཆེ་དང་སྐབས་དེའི་བོད་སྡོད་དམག་སྤྱི་ཐན་ཀོན་སཱན(དོན་ལ་ཐན་གྱི་འཕྲིན་ཡིག་དེ་དག་མའོ་ཙེ་ཏུང་གིས་དངོས་སུ་བྲིས་པའམ་ཞུ་དག་བརྒྱུད་ནས་བཏང་བ་ཞིག་རེད) བར་སྔ་རྗེས་སུ་ཡིག་འབྲེལ་གསུམ་བྱུང་འདུག སྐབས་དེར་མའོ་ཙེ་ཏུང་གིས་འཕྲིན་ཡིག་དེ་དག་ཕྱི་ལ་བསྒྲགས་ནས་“ཏཱ་ལའི་བླ་མ་ལོག་སྤྱོད་པ་ཕ་ལྷ་དང་ཁྲི་བྱང་སོགས་ཀྱིས་ཕྱི་རྒྱལ་དུ་བཙན་ཁྲིད་བྱས་”ཚུལ་ལབ་ཡོད། ཡིན་ནའང་། དེ་རིང་ཡི་གེ་དེ་དག་གིས་སྐབས་དེར་རྒྱལ་བ་རིན་པོ་ཆེ་ཡིས་དབུ་ཁྲིད་པའི་བོད་གཞུང་བོད་མིའི་སྒེར་ལངས་ནང་ཚུད་མེད་པ་ཁྲིམས་ཐོག་ནས་ཁུངས་སྐྱེལ་བྱེད་ཐུབ་ཀྱི་ཡོད་པས། ཕྱི་ལོ་༡༩༥༩ ལོའི་ཟླ་༣ ཚེས་༢༨ ཉིན་རྒྱ་ནག་དམར་ཤོག་གཞུང་ཕྱོགས་གཅིག་རྐྱང་བས་བོད་གཞུང་ཕྱིར་བསྡུ་བྱས་པ་ནི་མ་ཉེས་ཁ་གཡོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཅིག་རེད། དོན་དག་འདི་ཁྲིམས་རྩོད་པ་བཅུ་ཕྲག་ཁ་ཤས་ལ་བསྐྱར་ཞིབ་བྱེད་དུ་བཅུག་ནས་གང་དགའ་ཇི་ཡོང་བྱེད་འོས་པ་ཞིག་ཏུ་འདོད།

ད་དུང་མཉམ་འཇོག་བྱེད་ས་གལ་ཆེན་ཞིག་ཡོད་པ་ནི་རྒྱ་ནག་ཏུ་ནང་ཆོས་དད་མཁན་མང་བོ་ཡོད་པ་རེད་ཟེར་བ་ལྟ་བུར་མཚོན་ན། ཐོག་མར་རྒྱ་ནག་པ་ཆོས་ལ་དད་སྟངས་དང་བོད་མི་དད་སྟངས་རྦད་དེ་ཁ་ཁ་ཡིན་པ་ཤེས་དགོས། རྒྱ་ནག་པས་ཚེ་འདིའི་བདེ་བ་གཙོ་བོར་འཛིན་གྱི་ཡོད་པས། གསོལ་བ་སྨོན་ལམ་རྒྱག་སྟངས་གཙོ་བོ་ཕྱུག་པོ་ཆགས་རྒྱུ་དང་དཔོན་ས་རེག་རྒྱུ། ནད་མེད་གེགས་སེལ་སོགས་ཡིན། བོད་མི་ཚོས་སྐྱེ་བ་ཕྱི་མ་གཙོ་བོར་བཟུང་ཡོད། དེ་བས། བོད་མི་ཚོར་བླ་མ་ལ་དད་པ་བརྟན་པོ་དང་ཅི་གསུང་ལ་ཉན་ཡང་རྒྱ་ནག་པ་ཚོར་ཚེ་འདིའི་བདེ་བ་མངོན་འགྱུར་ཡོང་མ་ཐུབ་ཚེ་བླ་མ་ལ་དད་པ་ལོག་སླ་བ་དང་གསུང་ལའང་མི་ཉན། ལྷག་པར་དུ་རྒྱ་ནག་པ་ཞིག་ཡིན་ན་རྒྱལ་ཁབ་ཀྱི་ལ་རྒྱ་དང་པོ་དང་ཆོས་ལུགས་ལ་དད་པ་གཉིས་པར་བཞག་ཡོད་པས། ཆོས་ལུགས་ཀྱི་ལམ་ནས་རྒྱ་ནག་ལ་འགྱུར་བ་གཏོང་མི་ཐུབ།

དཔེར་ན། ཕྱི་ལོ་༢༠༡༩ ལོའི་ཟླ་༧ ཚེས་༡༩ ཉིན། ཨ་རིའི་སྲིད་འཛིན་གཞོན་པའི་གཏམ་བཤད་ནང་ལོ་བདུན་ཅུའི་ཡར་སྔོན་རྒྱ་ནག་ནང་ཡི་ཤུའི་ཆོས་ལུགས་ལ་དད་མཁན་འབུམ་ལྔ་ལས་མེད་ཀྱང་དེང་སྐབས་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ཡོད་ཟེར། ཡིན་ནའང་། དེ་ནི་རྒྱ་ནག་པའི་བསམ་བློ་འཁུར་སྟངས་ལ་རྒྱུས་ལོན་ཆེར་ཐུབ་མེད་པའི་རེ་སྟོང་གི་ཁུངས་སུ་བསྡུ་ཆོག

དྲི་བ། ཐའེ་ཝན་སྐོར་སྤྱིར་བཏང་ཞིག་བཤད་ན། ཅང་ཅེ་ཧྲི་ཤོག་ཁག་གོ་མིན་ཏང་ལ་ཐོག་མར་ཐའེ་ཝན་ནང་ནུས་པ་ཆེན་པོའི་ཐོག་ནས་དབང་ཚད་ཆེན་པོ་ག་འདྲ་རག་པ་རོབ་ཙམ་ངོ་སྤྲོད་གནང་རོགས།

ལན། འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་གྲིལ་རྗེས། ཨ་རིས་དབུ་ཁྲིད་པའི་མནའ་འབྲེལ་རྒྱལ་ཁབ་ཀྱི་དམག་སྤྱི་ཆེན་མོ་རྨེ་མཁའ་ཨ་ཐར་(Douglas MacArthur 26/01/1880-05/04/1964) ལགས་ཀྱི་བཀའ་རྒྱ་ཕབ་པ་ལྟར་རྒྱ་ནག་གི་དམག་འཐབ་རྒྱག་ཁུལ་གྱི་དམག་སྤྱི་ཅང་ཅེ་ཧྲིས་ཐེ་ཝན་དུ་ཉི་ཧོང་གིས་དམག་འཁྲུག་མཇུག་སྒྲིལ་ངོས་ལེན་ལ་གཙོ་སྐྱོང་བྱས་པ་རེད། ལོ་རྒྱུས་ཀྱི་དོན་རྐྱེན་འདིར་རྒྱ་ཡིག་ནང་མགོ་སྒུར་བ་ཟེར་ཡང་ཉི་ཧོང་ཡིག་ཆའི་ནང་དམག་འཁྲུག་མཇུག་སྒྲིལ་ཟེར། ཚང་མས་ཞོར་དུ་ཤེས་དགོས་པ་ནི་ལོ་རྒྱུས་ཡིན་ན་ཚིག་འབྲུ་གཅིག་ཀྱང་རྩོད་ལེན་བྱེད་རྒྱུ་གལ་ཆེན་ནང་གི་དོན་ཆེན་ཡིན་པ་དེ་ཡིན།

སྐབས་དེ་ནས་བཟུང་ཅང་ཅེ་ཧྲི་ཤོག་ཁག་གིས་ཨ་རིར་གཞོགས་འདེགས་ཀྱི་ལམ་ནས་ཐེ་ཝན་ལ་དོ་དམ་དབང་བསྒྱུར་བྱེད་འགོ་ཚུགས་འདུག ཡིན་ནའང་། ཐེ་ཝན་གྱི་བདག་དབང་རྒྱ་ནག་མི་སེར་རྒྱལ་ཁབ་ལ་རེག་མི་འདུག དཔེར་ན། ཕྱི་ལོ་༡༩༥༡ ལོའི་ཟླ་༩ ཚེས་༨ ཉིན་ཨ་རིའི་གྲོང་ཁྱེར་སན་ཧྥན་སེ་སི་ཁོ་ནས་ཨ་རིའི་གཙོས་པའི་རྒྱལ་ཁབ་༥༢ འཚོགས་ཏེ་ཉི་ཧོང་གིས་ཀོ་ཡ་རང་བཙན་ཡིན་པར་ངོས་ལེན་དང་ཐེ་ཝན་སོགས་ཀྱི་བདག་དབང་དོར་བའི་“སན་ཧྥན་སེ་སི་ཁོའི་ཆིངས་ཡིག”(Treaty of San Francisco)ལ་རྒྱལ་ཁབ་ཚང་མས་ས་ཡིག་བརྒྱབ་འདུག་མོད། དེའི་ཁྲོད་དུ་རྒྱ་ནག་མི་སེར་རྒྱལ་ཁབ་མི་འདུག དེང་གི་ཆར་ཡང་ངོས་ལེན་ཡོད་མེད་གང་ལྟར་ཡང་དོན་ལ་ཐེ་ཝན་རྒྱལ་ཁབ་ཅིག་ཡིན་པའམ། ཨ་རིའི་ལྟ་སྐྱོང་འོག་གི་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་རྒྱབ་རྟེན་གཙོ་བོ་དེ་རེད་ལ། ཨ་རི་དང་ཐེ་ཝན་བར་དུ་“ཐའེ་ཝན་དང་འབྲེལ་ལམ་ཁྲིམས་གཞི་”(Taiwan Relations Act)ཡོད་དོན་དང་ཅང་ཅེ་ཧྲི་ཤོག་ཁག་ལ་ཐེ་ཝན་འཛིན་སྐྱོང་གི་དབང་ཆ་རེག་སྟངས་ཀྱང་དེ་འདྲ་ཞིག་རེད།

འདི་ནས་ཞོར་འཕྲོས་ཚིག་ཁ་ཤས་ཤིག་ཞུས་ན། མ་གཞི་དེང་ཐོག་བོད་ལ་རྒྱ་ནག་དམར་ཤོག་གཞུང་གིས་བཙན་འཛུལ་བྱེད་དོན་ཡང་རྒྱལ་སྤྱིའི་དམར་ཤོག་རིང་ལུགས་ཀྱི་རྒྱ་བསྐྱེད་འཐབ་ཇུས་ཆེད་ཡིན་པ་དང་། སི་ཏ་ལིན(Joseph Stalin) གྱི་ཇུས་འགོད་དང་བཀའ་རྒྱའི་འོག་མའོ་ཙེ་ཏུང་གིས་ལག་བསྟར་བྱས་པ་ཞིག་རེད། ད་དུང་ཕྱི་ལོ་༡༩༥༠ ལོར་སི་ཏ་ལིན་དང་མའོ་ཙེ་ཏུང་བར་གསང་བའི་ཆིངས་ཡིག་བཞག་ནས་བོད་དང་ཤར་ཏིར་ཀི་སི་ཐན་ལ་མནའ་འབྲེལ་རྒྱལ་ཁབ་ཀྱི་ཐོབ་ཐང་ཡོད་ཚུལ་བྲིས་འདུག་པས། དེང་ཐོག་རྒྱ་དམར་དཔོན་རིགས་བོད་ལ་སླེབས་པའང་འཛིན་སྐྱོང་ཙམ་རེད། ཡིན་ནའང་། ཕྱི་ལོ་༡༩༥༢ ལོར་སི་ཏ་ལིན་གྱིས་

“བོད་ནི་རྒྱ་དམར་གཞུང་གི་ཆ་ཤས་”ཟེར་བ་ཡིན་ཚུལ་བཤད་འདུག་པས། སྐབས་དེ་ནས་བཟུང་རྒྱ་ནག་དམར་ཤོག་གཞུང་གིས་“བོད་རྒྱ་ཁོངས་”ཡིན་ཟེར་བའི་སྒྲུབ་བྱེད་རྫུན་སྒྲིག་བྱེད་འགོ་ཚུགས་འདུག

དྲི་བ། ད་ལྟའི་ཐའེ་ཝན་གཞུང་འཛིན་ཚོགས་པ་དང་། ཞི་ཅིན་ཕིང་སྲིད་གཞུང་བར་ཐའེ་ཝན་གྱི་ཆབ་སྲིད་ལངས་ཕྱོགས་དང་འབྲེལ་ནས་རྩོད་གླེང་རིམ་པ་བྱུང་ཡོད། ཉེ་ཆར་ཐའེ་ཝན་སྲིད་འཛིན་ཨ་རིར་ཡང་ཕེབས་ཐུབ་པའི་གནས་ཚུལ་དང་། ཐའེ་ཝན་གྱིས་ཨ་རི་ནས་གོ་ལག་ཉོ་ཚོང་རིགས་ལ་བལྟས་ན། ཐའེ་ཝན་དང་རྒྱ་ནག་བར་མཐུན་ལམ་ཞིག་ཡོང་ཐབས་ཡོད་དམ།

ལན། སྤྱིར་བཏང་གོང་དུ་ཞུས་ཟིན་པ་ལྟར། ཐེ་ཝན་ནི་ཨ་རིའི་ལྟ་སྐྱོང་འོག་གི་རྒྱལ་ཁབ་ཅིག་ཡིན་པ་དང་ཅང་ཅེ་ཧྲི་ཤོག་ཁག་གི་ཤོར་མའི་རྒྱ་ནག་མི་སེར་རྒྱལ་ཁབ་ལ་ཐེ་ཝན་འཛིན་སྐྱོང་གི་དབང་ཆ་རེག་ཡོད་པ་རེད། གནས་སྟངས་དེ་རྒྱ་ནག་དང་ཐེ་ཝན། ཨ་རི་ཕྱོགས་གསུམ་གྱིས་ཕྱི་ལ་བསྒྲགས་ཀྱི་མེད་པའི་ཡོངས་གྲགས་ཀྱི་གསང་བ་ཞིག་ཡིན་པས། དེང་གི་བར་ཐེ་ཝན་གནས་བབ་ལ་གཡོ་འགུལ་གཏོང་ཐུབ་ཡོད་པ་མ་རེད་ལ། མ་འོངས་པར་ཡང་གཡོ་འགུལ་གཏོང་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད། ཡིན་ནའང་། ཨ་རྒྱ་གཉིས་ཀྱིས་ཐའེ་ཝན་བེད་སྤྱོད་མུ་མཐུད་དུ་གཏོང་ངེས་ཡིན། དཔེར་ན། རྒྱ་ནག་དམར་ཤོག་གཞུང་གིས་ཐེ་ཝན་ལ་དབྱུག་པས་གཅིག་གཞུས་ན་ཨ་རིས་ཐའེ་ཝན་ལ་ཀ་ར་(Candy) རྡོག་མ་གཉིས་སྤྲད་ཡོང་། གཉིས་གཞུས་ན་བཞི་དང་གསུམ་གཞུས་ན་དྲུག་བཅས་རིམ་པས་འཕར་ངེས་ཡིན། དེ་ལྟར་སྐྱིད་པོ་ཞིག་ཡོང་ཐབས་མེད་ཀྱང་རྩ་བའི་བདེ་འཇགས་ལ་གནོད་པ་ཡོང་མི་ཐུབ།

དོན་ལ་ཐའེ་ཝན་དང་རྒྱ་ནག་བར་མཐུན་ལམ་ཡོང་མིན་ཡང་དུས་སྐབས་རེ་རེ་ཡི་རྒྱ་ནག་དམར་ཤོག་གཞུང་གི་དགོས་མཁོ་དང་བསྟུན་ནས་འགྱུར་བ་བྱུང་གི་ཡོད། རྒྱུ་མཚན་ནི་རྒྱ་ནག་དམར་ཤོག་གཞུང་ལ་དེང་གི་དབང་བསྒྱུར་མངའ་ཁོངས་སུ་དབང་བསྒྱུར་མཐུད་གནས་ཡོང་བར་ལག་ཆ་གཉིས་ཡོད། གཅིག་དེ་དཔལ་འབྱོར་གོང་སྤེལ་དང་། གཞན་གཅིག་དེ་མི་རིགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་བེད་སྤྱོད་གཏོང་རྒྱུ་དེ་རེད། དེང་སྐབས་ཨ་རྒྱའི་བར་ཚོང་དམག་བྱུང་བའི་རྐྱེན་གྱིས་རྒྱ་ནག་ནང་དཔལ་འབྱོར་གནས་སྟངས་སྡུག་ནས་སྡུག་ཏུ་འགྲོ་གི་ཡོད་ལ། ཐ་ན་མང་ཚོགས་ནང་ཟིང་ཆ་བྱུང་བར་དོགས་ནས་རྒྱ་ནག་གི་ཞིང་ཆེན་རེ་རེ་ནང་གི་ཕྱི་ཡོང་མི་སྣ་དག་ཕྱིར་རང་ཡུལ་སོ་སོར་མངགས་ནས་ཁག་བགོས་དོ་དམ་(Divide and controlling) བྱེད་འགོ་ཚུགས་ཡོད། དེང་སྐབས་ལག་ཆ་ཕྱི་མའམ་མི་རིགས་རིང་ལུགས་བེད་སྤྱོད་གཏོང་རྒྱུ་དེ་རེད། མི་རིགས་རིང་ལུགས་བེད་སྤྱོད་གཏོང་བྱེད་ཀྱི་ཐབས་ལམ་གྱོང་གུད་མེད་ཤོས་ནི་བོད་དང་ཤར་ཏིར་ཀི་སི་ཐན་ལ་རྡུང་རྡེག་གཏོང་རྒྱུ་དེ་ཡིན། དེ་ནས་ཧོང་ཀོང་དང་ཐའེ་ཝན་ཆགས་ཀྱི་ཡོད་མོད། དེ་ལས་གྱོང་མི་རེག་པ་མིན་ལ་ངོ་ཚ་ཉོ་མི་སྲིད་པའང་མིན། ཁ་སང་དེ་རིང་གི་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་གྱིས་རྒྱ་ནག་དམར་ཤོག་གཞུང་གིས་ཧོང་ཀོང་ནས་ཐད་ཀར་མི་སྣ་འཛིན་བཟུང་བྱེད་ཆོག་པར་དམིགས་པའི་ཁྲིམས་འཆར་དེ་བཞིན་དོན་ལ་ཕྱིར་འཐེན་བྱེད་དུ་འཇུག་ཐུབ་ཡོད་པ་དཔེར་མཚོན་གཅིག་ཆགས་ཡོད།

དེང་གི་ཆར་རྒྱ་ནག་དམར་ཤོག་གཞུང་གིས་ཐའེ་ཝན་ནས་རྒྱ་ནག་ལ་མ་རྩ་འཇོག་མཁན་ཚོང་བ་དང་མཉམ་འབྲེལ་བྱེད་མཁན་གྱི་གསར་འགྱུར་བརྒྱུད་ལམ་ཁག ད་དུང་ལས་ཀ་འཚོལ་མཁན་གྱི་མཐོ་སློབ་མཐར་ཕྱིན་པ་དག་བེད་སྤྱོད་ཀྱིས་ཐའེ་ཝན་ནང་ཞི་མཐུན་ཡོང་འཇུག་གི་མེད། དེ་ནི་ཕྱོགས་གཅིག་ནས་ཐའེ་ཝན་ནང་ཁུལ་གཏོར་ཐབས་ཤིག་དང་། ཕྱོགས་གཞན་གཅིག་ནས་རང་དབང་དམངས་གཙོ་ནི་རྙོག་དྲ་བཟོ་བྱེད་ཅིག་ཡིན་པ་ལས་འཆམ་མཐུན་ཡོང་བྱེད་ཅིག་མ་ཡིན་པར་སྒྲུབ་ནས་རྒྱ་ནག་མང་ཚོགས་ལ་རང་དབང་དང་དམངས་གཙོ་དགོས་དོན་མེད་པའི་བསམ་བློ་བཀྲུ་ཐབས་གཞན་ཞིག་ཀྱང་ཡིན། ཡིན་ནའང་། མཐའ་གཅིག་ཏུ་ཐའེ་ཝན་དང་ཚོང་འབྲེལ་སོགས་འགྲོ་འོང་གི་ལམ་ཁ་འགག་གི་མ་རེད་འདོད། རྒྱུ་མཚན་གཙོ་བོ་གཅིག་ནི་དྲག་པོའི་ལམ་ནས་ཐའེ་ཝན་ལ་བཙན་འཛུལ་བྱེད་པའི་ནུས་པ་ད་དུང་རྒྱ་ནག་དམར་ཤོག་གཞུང་ལ་མི་ལྡང་བས་ཡིན། ལྷག་པར་དུ་ཨ་རིས་ཉེ་བའི་ཆར་ཐའེ་ཝན་ལ་གནམ་ཐང་ཁག་དགྲ་ལག་ཏུ་མི་ཤོར་བ་སྲུང་བྱེད་ཀྱི་མཚོན་ཆ་རྩེ་གྲས་ཁག་ཀྱང་བཙོང་ཡོད་པ་རེད།

དྲི་བ། ཐའེ་ཝན་ད་ལྟ་སུས་ངོས་ལེན་ཡོད་མེད་ལ་མ་ལྟོས་པར་རང་བཙན་རྒྱལ་ཁབ་ཀྱི་ངོ་བོར་གནས་ཡོད་རེད། རྒྱ་ནག་འོག་ནས་རང་བཙན་རྩོད་མཁན་བོད་དང་། ཡུ་གར། སོག་པོ། ཧོང་ཀོང་རེད། མཚམས་རེར་ཧྲེང་ཧེ་རང་བཙན་ལས་འགུལ་ཡང་མེད་པ་མ་རེད། དེ་ན་དེ་ཚོའི་ནང་ནས་རྒྱུ་མཚན་དང་། ནུས་སྟོབས་མ་འོངས་པར་སུས་འདོན་ཐུབ་ས་རེད། རྒྱ་ནག་གཞུང་གི་འོག་ནས་ཐར་རྒྱུར་རེ་བ་སུ་ལ་ཆེ་བ་འདུག

ལན། ཧྲང་ཧེ་ལས་གཞན་ཚང་མ་རྒྱ་ནག་དམར་ཤོག་གཞུང་གི་འོག་ནས་ཐར་བར་རེ་བ་ཡོད་པ་རེད། ཡིན་ནའང་། རྩ་བའི་ཆ་རྐྱེན་གཅིག་ཡོད་པ་ནི་སུ་ཞིག་གིས་མུ་མཐུད་ནས་རྒྱ་ནག་དམར་ཤོག་གཞུང་གི་དབང་བསྒྱུར་རམ། ཡང་ན། བཙན་བཟུང་ཧམ་སེམས་ལ་ངོ་རྒོལ་གྱིས་མི་རེ་ངོ་རེ་ལ་སྐྱེ་བ་ནས་ཡོད་པའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་མ་གློད་པར་གྲ་སྒྲིག་ཨང་གསར་ཡོད་ན། མ་འོངས་པར་རྒྱ་ནག་ལ་འགྱུར་བ་བྱུང་དུས་གོ་སྐབས་ཏན་ཏན་ཡོད་པ་རེད། དེ་ལས་ལྡོག་ན། ལོ་རྒྱུས་ཀྱིས་གྲ་སྒྲིག་ཡོད་མཁན་ཚོར་མ་གཏོགས་མེད་མཁན་ཚོར་དམིགས་བསལ་སྤྲོད་མྱོང་མི་འདུག

དེང་སྐབས་ཧོང་ཀོང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་འོག་གི་ནང་སྲིད་རང་བདག་རང་སྐྱོང་ལ་མཐུད་གནས་སྲུང་སྐྱོབ་ངོ་རྒོལ་བྱེད་ཀྱིན་པ་དང་ཤར་ཏིར་ཀི་སི་ཐན་གནད་དོན་རྒྱལ་སྤྱིའི་སྡིངས་ཆར་སླེབས་ཡོད། ལྷོ་སོག་དང་བོད་གཉིས་ཉམས་ཆུང་ཤོས་ཆགས་འདུག ཡིན་ནའང་། བོད་ཕྱི་ནང་གཉིས་སུ་མེར་བསྲེག་ངོ་རྒོལ་བ་བརྒྱ་དང་དྲུག་ཅུ་ལྷག་བྱུང་བ་དག་གི་འབོད་སྐད་མ་འོངས་པར་ཇི་མ་ཇི་བཞིན་རྒྱལ་སྤྱིའི་སྟེང་ངོ་འཕྲོད་པའི་ཕྱི་ཉིན་ནས་བཟུང་། ཉན་མཁན་དང་རྒྱབ་བསྐྱོར། གོ་སྐབས་ཏན་ཏན་ཡོང་ངེས་རེད་འདོད།

ཞོར་དུ་ཤེས་དགོས་པ་གལ་ཆེན་ཞིག་ཡོད་པ་ནི་དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུའི་འགོར་རཱ་ཤི་ཡ་དམར་བོའི་སྟོབས་ཤུགས་འཐོར་རྗེས། ཨ་རིས་འཛམ་གླིང་སྟེང་ཨ་རིའི་ཁ་གཏད་དུ་འགྲེངས་པར་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་བཞི་ཡོད་པར་ཚོད་དཔག་བྱས་ཡོད། དེ་དག་ནི་ཉི་ཧོང་དང་རྒྱ་ནག ར་ཤི་ཡ་དང་ཡུ་རོབ་མཐུན་ཚོགས་ཡིན་ལ། ཉི་ཧོང་དང་ཡུ་རོབ་མཐུན་ཚོགས་གཉིས་ལྟ་གྲུབ་མཐུན་པའི་འགྲན་ཡ་དང་རྒྱ་ནག་དང་ར་ཤི་ཡ་གཉིས་ལྟ་གྲུབ་མི་མཐུན་པའི་འགྲན་ཡར་དབྱེ་ཡོད། ཡིན་ནའང་། ན་ནིང་ནས་རྒྱ་ནག་འགྲན་ཡ་ངོ་མར་བརྩིས་ཡོད་པས། དེང་སྐབས་ཨ་རྒྱའི་བར་དུ་ཚོང་དོན་ཙམ་མ་ཡིན་པར་དངུལ་ལོ། ཚན་རྩལ་དང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་འཁྲུག་འགོ་ཚུགས་ཡོད་ལ། འདི་ནི་ཨ་རིའི་སྲིད་སྟེགས་སུ་མ་འོངས་པར་སྲིད་འཛིན་སུ་ཞིག་སླེབས་ནའང་དུས་ཡུན་གང་འཚམས་ནང་རྒྱུན་སྐྱོང་ངེས་པའི་སྲིད་ཇུས་ཤིག་ཡིན། དེ་བས། དེང་གི་ཆར་ཐའེ་ཝན་གྱིས་སྔར་ཨ་རྒྱའི་བར་ཟིང་ཆ་ཆེར་མེད་པའི་སྐབས་ཀྱི་གྱང་ཞོན་ལྟ་བུའི་ལངས་ཕྱོགས་དོར་ཏེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་ཡོང་མི་སྲིད་པ་བསྒྲགས་པ་དང་རང་དབང་དམངས་གཙོ་ཡུན་གནས་ཀྱི་དར་ཆ་མཐོ་རུ་འཕྱར་ནས་ཨ་རིའི་ཕྱོགས་སུ་འགྲེངས་ཡོད།

དྲི་བ། རྒྱ་ནག་ནང་གི་མང་གཙོའི་ལས་འགུལ་༡༩༨༩ ལོ་ནང་བཞིན་དེའི་རྗེས་ནས་བྱུང་ཐུབ་མེད་ལ། ཕྱི་ལ་ཡོད་པའི་མང་གཙོ་དོན་གཉེར་བ་ཚོ་ཡང་ཁ་འཐོར་ནུས་མེད་ལྟ་བུ་འདུག རྒྱ་ནག་ནང་གི་མང་གཙོའི་ལས་འགུལ་ཅུང་ཉམས་ཆག་ཕྱིན་པ་ལྟ་བུ་འདུག་གམ། དེའི་ཐོག་བསམ་ཚུལ་གང་ཡོད།

ལན། གནད་དོན་འདི་ཕྱོགས་གསུམ་ལ་དབྱེ་ནས་ལྟ་དགོས་པར་འདོད། གཅིག རྒྱ་ནག་གི་དམངས་གཙོ་འཐབ་རྩོད་པ་ཚོར་མཐུན་སྒྲིལ་མེད་པ་དང་གཅིག་གིས་གཅིག་ལ་རྒྱབ་བསྐྱོར་མི་བྱེད་པར་རོགས་དངུལ་རེག་ཚད་སྒེར་དོན་ཅན་དུ་འགྱུར་བཞིན་པ་དེ་རྒྱ་ནག་གི་དམངས་གཙོའི་ལས་འགུལ་ལ་ཉམས་ཆག་བྱུང་རྐྱེན་གཅིག་རེད།

གཉིས། རྒྱ་ནག་གི་དམངས་གཙོའི་ལས་འགུལ་ལ་ཉམས་ཆག་བྱུང་རྐྱེན་གཙོ་བོ་དེ་མི་གཤིས་ཀྱི་གས་ཀའི་སྟེང་ནས་ཡོང་གི་ཡོད་པ་རེད། དཔེར་ན། རྒྱ་ནག་པ་མང་ཆེ་བའི་ཀླད་པའི་ནང་དུ་“རྒྱལ་ཁབ་གཅིག་གྱུར་ཆེན་པོའི་འདུ་ཤེས་”ཡལ་གྱི་མེད་པས། རང་དབང་དང་དམངས་གཙོ་ཁ་གཡང་ཙམ་དང་བོད་སོགས་ལ་ཡང་རྒྱ་ཁོངས་ལས་མ་ཤོར་བ་ཞིག་གི་སྔོན་འགྲོའི་འོག་རྒྱབ་བསྐྱོར་རྒྱག་གི་ཡོད། ད་དུང་ཁག་ཅིག་ཁེ་བཟང་གི་རྗེས་སུ་རྒྱུགས་པ་ལས་རང་དབང་གི་ཕྱོགས་སུ་འགྲོ་གི་མེད་པའི་ཁར། རང་དབང་དང་དམངས་གཙོ་མངོན་འགྱུར་ཡོང་བར་འགོག་རྐྱེན་བཟོ་གི་ཡོད། དེ་བས། རྒྱ་ནག་པ་སུང་ཀྲན་ཧྲན་ནས་འགོ་ཚུགས་པའི་རྒྱ་ནག་གི་རང་དབང་དང་དམངས་གཙོའི་ལས་འགུལ་ལོ་བརྒྱའི་རིང་མངོན་འགྱུར་འབྱུང་ཐུབ་ཡོད་པ་མ་རེད།

གསུམ། རྒྱ་ནག་གི་དམངས་གཙོའི་ལས་འགུལ་ལ་ཉམས་ཆག་བྱུང་རྐྱེན་གསུམ་པ་དེ་ཨ་རིས་ཉེ་བའི་ལོ་ངོ་བདུན་ཅུའི་རིང་རྒྱ་ནག་དམར་ཤོག་གཞུང་གི་དམིགས་འབེན་དང་བཅའ་སྟངས་ལས་སྟངས་ཧ་མ་གོ་བར་དམར་ཤོག་ཚོགས་པར་དབང་བསྒྱུར་སྲ་བརྟན་གཏོང་རོགས་ཉུང་མཐར་ཐེངས་གསུམ་ལ་བྱས་ཡོད་པ་རེད། དཔེར་ན། ༡༩༧༢ ལོར་ཨ་རིའི་སྲིད་འཛིན་ནེ་སོན(Richard Nixon) གྱིས་རྒྱ་ནག་དམར་ཤོག་གཞུང་ངོས་ལེན་བྱས་པ་རེད། ༡༩༨༩ ལོར་གནམ་བདེ་སྒོ་མོའི་དམར་གསོད་དོན་རྐྱེན་བྱུང་རྗེས། སྲིད་འཛིན་བྷུ་ཤུ་རྒན་པས་(George H. W. Bush) གསང་བའི་མི་སྣ་པེ་ཅིན་དུ་མངགས་ནས་ཨ་རྒྱའི་འབྲེལ་ལམ་མུ་མཐུད་གནས་བཅུག་ཡོད། ༡༩༩༧ ལོ་ཙམ་ནས་སྲིད་འཛིན་ཁུ་ལིན་ཁྲོན་(Bill Clinton) གྱིས་རྒྱ་ནག་དམར་ཤོག་གཞུང་འཛམ་གླིང་ཚོང་ཚོགས་ནང་ཞུགས་བཅུག་ནས་སྟོབས་ཤུགས་རྒྱས་སུ་བཅུག་ཡོད། ཞིས་ཅིན་ཕེན་རྒྱ་ནག་དམར་ཤོག་གཞུང་གི་ཆེས་མཐོ་དབང་བསྒྱུར་བ་ཆགས་པ་ནས་རྒྱ་ནག་དམར་ཤོག་གཞུང་གིས་འཛམ་གླིང་ལ་རྒྱ་བསྐྱེད་ཀྱི་སྲིད་ཇུས་ལག་བསྟར་བྱེད་འགོ་ཚུགས་པས། དེང་སྐབས་ཨ་རྒྱའི་བར་ཚོང་གི་མིང་འོག་གི་ཁྱབ་ཁོངས་དུ་མའི་འཁྲུག་པ་བྱུང་བཞིན་པ་ལྟར་རེད།

དྲི་བ། བོད་ཀྱི་ངོས་ནས་ཁོང་ཚོའི་ལས་འགུལ་དང་། དམིགས་ཡུལ་ལ་དོ་སྣང་དང་དཔེ་ལེན་འོས་ས་ཡོད་དམ།

ལན། འདི་ནས་ཆ་ཚང་བཤད་ན་ཉོག་འགྲོ་ས་རེད། དེ་བས། ཧོང་ཀོང་དཔེར་མཚོན་དུ་དྲངས་ནས་ཞུ་གི་ཡིན། ཚན་པ་འདི་སྔོན་མ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལའང་བཤད་མྱོང་།བོད་ནི་རྒྱ་ནག་དམར་ཤོག་གཞུང་གི་དབང་ཆ་གཅིག་སྡུད་འོག་ཡོད་པས་ཆབ་སྲིད་ཐད་ཀྱི་རང་དབང་ཏིལ་འབྲུ་ཙམ་ཡང་མེད། དེ་ལས་ཧོང་ཀོང་རྒྱལ་སྤྱིའི་ཚོང་དོན་གྱི་ལྟེ་གནས་ཤིག་ཡིན་པས། བོད་ལས་རང་དབང་ལྡབ་མང་བོ་འདུག ཡིན་ནའང་། བོད་ཀྱིས་ཧོང་ཀོང་གི་ངོ་རྒོལ་བྱེད་སྟངས་ལ་སློབ་སྦྱོང་བྱེད་ས་གཙོ་བོ་དེ་དྲིལ་བསྒྲགས་དང་ཞུ་གཏུགས་གཉིས་རེད་བསམ།

དྲིལ་བསྒྲགས་ཐད་ནས་དེང་སྐབས་མི་རེ་ལག་ཏུ་པར་ཆས་དང་དྲ་བ་ཡོད་པའི་ཁ་པར་རེ་ཡོད་པས། དོན་དག་ཆེ་མ་ཆུང་གསུམ་ཐད་ཀར་དུས་ཐོག་ཏུ་བརྙན་ལ་ལེན་ཐུབ་པ་དང་པར་ཡང་རྒྱག་ཐུབ། དེ་ལ་དོན་རྐྱེན་བྱུང་ཡུལ་དང་བྱུང་དོན། བྱུང་དུས་སོགས་ཀྱི་འགྲེལ་བཤད་བཀོད་ནས་དུས་ཐོག་གཏོང་བའམ། གོ་སྐབས་ཤིག་ལ་སྒུག་ནས་གཏོང་བ་གང་རུང་ཧོང་ཀོང་ནང་བྱེད་ཀྱིན་པ་དེ་བོད་པ་ཚོས་སློབ་སྦྱོང་བྱེད་ས་གཅིག་རེད་བསམ།
ཐེངས་འདིར་ཧོང་ཀོང་ནང་ངོ་རྒོལ་བྱུང་བ་དང་མཉམ་དུ་ཨ་རིའི་ཕོ་བྲང་དཀར་བོའི་དྲ་རྒྱའི་སྟེང་གི་ང་ཚོ་ནི་མི་དམངས་ཡིན་ཟེར་བའི་ཞུ་གཏུགས་བརྒྱུད་ལམ་བཀོལ་ནས་ཨ་རིའི་སྲིད་འཛིན་ལ་སྙན་ཞུ་ཞིག་ཕུལ་འདུག སྙན་ཞུའི་ནང་“ཧོང་ཀོང་སྲིད་གཞུང་གིས་‘ཉེས་ཅན་པ་བྲོས་བྱོལ་དོ་དམ་’ཁྲིམས་འཆར་བཏོན་ནས་ཧོང་ཀོང་མི་དམངས་རྒྱ་ནག་དམར་ཤོག་གཞུང་ལ་རྩིས་སྤྲད་འདུག གལ་ཏེ་ཁྲིམས་འཆར་དེ་ཁྲིམས་སུ་ཆགས་པ་ཡིན་ན། ཧོང་ཀོང་བ་ཙམ་མ་ཡིན་པར་ཧོང་ཀོང་དུ་སྡོད་པའི་ཨ་རི་བ་ཁྲི་༦ ལའང་ཉེན་ཁ་ཡོང་གི་རེད། ཨ་རིས་གནས་སྤོར་ཁྲིམས་གཞི་ལྟར་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་ཕྱི་རྒྱལ་གྱི་དཔོན་རིགས་དང་དེའི་ནང་འཁོར་ཨ་རིར་ཡོང་མི་ཆོག་པ་བཟོས་ཏེ། ཁྲིམས་འཆར་འདིར་རྒྱབ་བསྐྱོར་རྒྱག་མཁན་ཨ་རིའི་མི་སེར་ཡིན་པའམ། གཏན་སྡོད་ཆོག་པའི་ཐོངས་མཆན་ཡོད་པའི་ཧོང་ཀོང་དང་རྒྱ་ནག་དམར་ཤོག་དཔོན་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་རོགས་”ཞེས་དོན་འདུས་ཤིང་ཚིག་ཉུང་བའི་གཏུགས་ཡིག་ཅིག་བྲིས་ཡོད་པར་མ་ཟད། རྒྱུག་པས་ལེབ་རྡུང་མ་བྱས་པར་ཧོང་ཀོང་དང་རྒྱ་ནག་དམར་ཤོག་གཞུང་གི་དཔོན་རིགས་སྤྱི་ལས་ཁྲིམས་འཆར་འདིར་རྒྱབ་བསྐྱོར་རྒྱག་མཁན་གྱི་དཔོན་རིགས་དག་ལོགས་སུ་དབྱེ་ཡོད་པས། ཡུན་རིང་རང་བཞིན་དང་འཇིགས་དངངས་བསྐྱེད་ཐུབ་པའི་གཏུགས་ཡིག་ཅིག་ཏུ་འདོད།

མ་གཞི་ཞུ་གཏུགས་བརྒྱུད་ལམ་དེའི་ཆ་རྐྱེན་ནི་མི་འབུམ་གཅིག་གི་ས་ཡིག་རེག་རྗེས་སྲིད་འཛིན་གྱིས་ལན་རྒྱག་དགོས་པ་དེ་རེད། ཧོང་ཀོང་གི་སྙན་ཞུ་དེར་ཉིན་གསུམ་ནང་ས་ཡིག་འབུམ་གཉིས་ལྷག་བརྒལ་ཟིན་པས། ཨ་རིའི་སྲིད་འཛིན་གྱིས་ཧོང་ཀོང་ནང་བྱུང་བའི་ངོ་རྒོལ་ནི་ཁོང་གིས་མཐོང་བའི་མི་གྲངས་ཆེས་མང་ཤོས་ཀྱི་ངོ་རྒོལ་ཞིག་ཡིན་པ་བཤད་ཡོད། ད་དུང་ཨ་རིའི་གྲོས་ཚོགས་ནང་“ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་”གཏན་འབེབས་བྱེད་སྲིད་པའི་འགོ་ཚུགས་ཡོད།

དྲི་བ། ཁྱེད་ཀྱིས་གོང་དུ་གསུངས་པ་ལྟར། ད་ལྟ་རྒྱལ་སྤྱིའི་ནང་ཡུ་གར་མི་རིགས་ཀྱི་འཐབ་རྩོད་ལ་དོ་སྣང་ཆེ་བ་དང་། རྒྱ་ནག་གཞུང་གིས་དེར་དོ་སྣང་བྱེད་ཀྱི་ཡོད་པ་འདྲ་འདུག བོད་ཀྱི་འཐབ་རྩོད་ནུས་པ་ཅུང་ཉམས་ཀྱི་ཡོད་དམ།

ལན། ཤར་ཏིར་ཀི་སི་ཐན་གྱི་གནད་དོན་ནི་ཡུ་གུར་བ་གཙོ་ཤུགས་ཡིན་པའི་མི་རིགས་མང་བོ་ཞིག་ཕྱོགས་འདུས་ཀྱི་འཐབ་རྩོད་ཅིག་རེད། གནད་དོན་འདི་འགོ་ཚུགས་ས་བོད་དང་གཅིག་པ་སྟེ། རྒྱལ་སྤྱིའི་དམར་ཤོག་རིང་ལུགས་ཀྱི་རྒྱ་བསྐྱེད་འཐབ་ཇུས་ཀྱི་ལྟེ་བ་གཅིག་རེད།  སི་ཏ་ལིན་གྱི་ཇུས་འགོད་དང་བཀའ་རྒྱའི་འོག་མའོ་ཙེ་ཏུང་གིས་ལག་བསྟར་བྱས་ཡོད། ཡུལ་ལུང་འདིར་རྒྱ་ཡིག་ནང་ཤིན་ཅང་(新疆) འབོད་ཀྱིན་པའང་མངའ་ཁོངས་གསར་བ་ཞེས་པའི་དོན་ཡིན་ལ། ཕྱི་ལོ་༡༨༨༤ ལོར་མན་ཇུ་གཞུང་གིས་“ཤིན་ཅང་ཞིང་ཆེན་”ཟེར་བ་བཙུགས་པ་ནས་མིང་འདི་བྱུང་ཡོད། དེའི་ཡར་སྔོན་རྒྱ་ཡིག་ནང་ནུབ་ལྗོངས་ཞེས་གཏན་འཁེལ་མེད་པའི་མིང་ཞིག་བཀོལ་གྱི་ཡོད། འདི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མདོར་བསྡུས་ཙམ་ཡིན།

ཕྱི་ལོ་༢༠༡༤ ལོ་ནས་ཞིས་ཅིན་ཕེན་གྱིས་“ཆོས་ལུགས་ཐམས་ཅད་རྒྱ་ནག་ཅན་”ཟེར་བའི་སྲིད་ཇུས་བཏོན་པ་དང་བསྟུན་ཏེ་ཕྱི་ལོ་༢༠༡༦ ལོར་ནས་བཟུང་ཤར་ཏིར་ཀི་སི་ཐན་ནང་“ཤིན་ཅང་གི་ཡང་སློབ་ལྟེ་གནས”(Xinjiang Re-education Camps) ཟེར་བའི་དོན་ལ་གཅིག་བསྡུས་བཙོན་ཁང་སྟོང་ཕྲག་ཁ་ཤས་བཙུགས་ཏེ། དེང་སྐབས་ཉུང་མཐར་མི་འབོར་ས་ཡ་གཅིག་བཙོན་འཇུག་བྱས་ཡོད་པར་མ་ཟད། ཕྲུ་གུ་དང་ཕ་མ་ཁ་བཀར་ནས་ཕྲུ་གུའམ་བྱིས་པའི་གཅིག་བསྡུས་བཙོན་ཁང་ལོགས་སུ་ཡོད་པ་དང་ཀླད་པ་གཙང་བཀྲུའི་སློབ་གསོ་སྤེལ་གྱི་ཡོད་པ་རེད། འདི་ནི་གྲངས་འབོར་གྱི་ཆ་དང་གདུག་རྩུབ་ཀྱི་ཆ་གང་ནས་ཀྱང་སྔར་འཛམ་གླིང་ནང་མཐོང་དཀོན་པའི་གནས་སྟངས་ཡ་ང་བ་ཞིག་ཆགས་ཡོད། སྟབས་ཡག་ནས་ཕྱི་སྡོད་ཤར་ཏིར་ཀི་སི་ཐན་པ་ཚོས་གནས་ཚུལ་གང་ཐོན་མཐའ་དག་ཇི་མ་ཇི་བཞིན་དུ་རྒྱལ་སྤྱིའི་སྤྱི་ཚོགས་ནང་ངོ་སྤྲོད་བྱེད་ཐུབ་ཡོད་པའི་ཁར། ཨ་རྒྱ་གཉིས་ཀྱི་ཚོང་དོན་མིང་འོག་གི་ཁྱབ་ཁོངས་དུ་མའི་འཁྲུག་རྩོད་ནང་ཤར་ཏིར་ཀི་སི་ཐན་གྱི་དགོས་འདུན་ངོ་མ་གང་ཡིན་ཨ་རི་གཞུང་ལ་ཞུ་བསྐུལ་བྱས་ཡོད་པ་རེད། དེ་བས། ཤར་ཏིར་ཀི་སི་ཐན་གྱི་གནད་དོན་ལ་རྒྱབ་བསྐྱོར་དང་དོ་སྣང་བྱེད་ཤུགས་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་པ་རེད།

སྔ་རྗེས་སུ་དེང་གི་ཨ་རིའི་སྲིད་འཛིན་དང་སྲིད་འཛིན་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་བཅས་ཀྱིས་བོད་མི་ཤས་ལ་ཐུག་འཕྲད་ཀྱི་གོ་སྐབས་གསེར་ལྟ་བུ་སྤྲད་ཡོད་ནའང་། ཁོ་ཚོས་ཞུ་མ་ཤེས་པའམ། སློབ་སྟོན་པ་ཚོར་མིག་རྒྱང་མེད་པ་གང་ལྟར་“བོད་ནང་རྒྱལ་བ་རིན་པོ་ཆེ་ཡི་སྐུ་པར་བཀལ་འཇུག་གི་མི་འདུག་”ཟེར་བ་འདྲ་བོ། “རྒྱལ་བ་རིན་པོ་ཆེ་ཕྱིར་ཕེབས་འཇུག་རོགས་དང་བོད་ལ་རོགས་པ་རྒྱག་རོགས་”ཟེར་བ་འདྲ་བོ་རེད། ཞུ་སྟངས་འདི་དག་གི་རྩ་བའི་མ་འདང་ས་ནི་མཇུག་འབྲས་སྤྲོད་རོགས་ཞེས་ཞུས་ཡོད་པ་ལས་ཇི་ལྟར་མཇུག་འབྲས་དེ་ཡོང་འཇུག་དགོས་པ་དང་གནས་སྟངས་དེ་བྱུང་དོན་ཞུ་ཐུབ་ཡོད་པ་མ་རེད། དཔེར་ན། བོད་ལ་རོགས་པ་ཇི་ལྟར་རྒྱག་དགོས་སམ། དོན་ལ་ཨ་རི་ལ་དགོས་པ་དེ་བོད་མིའི་ཆབ་སྲིད་ཀྱི་དགོས་འདུན་ངོ་མ་དེ་གང་ཡིན། དེང་གི་བར་མེར་བསྲེག་ངོ་རྒོལ་བརྒྱ་དང་དྲུག་ཅུ་ལྷག་བྱུང་དོན་དང་འབོད་སྐད་ངོ་མ་གང་དག་ཡོད། རྒྱལ་བ་རིན་པོ་ཆེ་ཡི་ཡང་སྲིད་ཐད་རྒྱ་ནག་དམར་ཤོག་གཞུང་ལ་ལག་པ་འཆིང་གི་འཇུག་འོས་མིན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གིས་མཚོན་པའི་བླ་ཆེན་མི་ཆེན་དག་བཀྲོངས་དང་བགྲོང་གིན་པར་ག་རེ་བྱེད་དགོས་མིན། ལྷ་རབ་བྱུང་ན་བོད་དོན་ཐག་བཅད་པ་ཡིན་ན་འཐབ་ཇུས་ཐད་ནས་ཁེ་ཕན་ཅི་ཞིག་ཡོད་སྲིད་པ་སོགས་ཡིན། ཡིན་ནའང་། ངས་འདི་ནས་ཨ་རིའི་མཐོ་རིམ་དཔོན་རིགས་ལ་མཇལ་འཕྲད་ཀྱི་གོ་སྐབས་བྱུང་ཟིན་མཁན་ཚོར་ཁ་རྡུང་གཏོང་གི་མེད། དོན་དག་འདི་བོད་ཀྱི་གནད་དོན་འཐབ་རྩོད་ཀྱི་ནུས་པ་གོང་མཐོར་གཏོང་བར་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་པས། མ་འོངས་པར་གོ་སྐབས་རེག་མཁན་ཚོར་དོན་དག་ངོ་མ་ཞུ་སྟངས་གོང་བརྗོད་ལྟར་རེད་ལབ་ཀྱི་ཡོད།

དྲི་བ། རྒྱ་ནག་ལ་ངོ་རྒོལ་བ་འདི་དག་མཉམ་རུབ་ལས་འགུལ་སྤེལ་དགོས་པའི་བསམ་ཚུལ་ཤུགས་ཆེན་རེད། མཉམ་རུབ་ལས་འགུལ་སྤེལ་ན། གཅིག་མཐུན་གྱི་དམིགས་ཡུལ་གང་དང་། སོ་སོའི་དམིགས་ཡུལ་ལ་གཞན་གྱིས་རྒྱབ་སྐྱོར་དགོས་པའི་དམིགས་ཡུལ་ཡོད་དམ། དེ་ག་འདྲ་ཡོང་ས་རེད།

ལན། དོན་དག་འདི་ཁག་གཉིས་སུ་དབྱེ་ནས་བཤད་ཀྱི་ཡིན། དང་པོ། བོད་ཀྱི་གཏམ་དཔེར། “མཛུབ་མོ་ལྔ་བཅིངས་ཁུ་ཚུར་”ཟེར། དེའི་ག་རེ་སྟོན་གྱི་ཡོད་དམ་ཞེ་ན། མེས་པོ་གོང་མ་ཚོས་མཉམ་རུབ་ཀྱི་སྟོབས་ཤུགས་ལ་གཙིགས་འཛིན་དང་དར་སྤེལ་བཏང་ནས་ཡོང་བའི་ཉམས་མྱོང་ཕྱོགས་བསྡུས་ཤིག་ཡིན་པ་མཚོན་ཡོད། མཉམ་རུབ་ལས་འགུལ་གྱི་རྒྱབ་རྟེན་རང་དབང་དང་དམངས་གཙོའི་ལྟ་གྲུབ་ཆགས་ཡོད། དམིགས་འབེན་ནི་མི་རེ་ངོ་རེར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་དེ་མངོན་འགྱུར་ཡོང་དགོས་ཤིང་། ཐོབ་ཐང་དེ་བཀོལ་ནས་མུ་མཐུད་དུ་མཉམ་གནས་བྱེད་པའམ། གཅིག་ཁོངས་གཅིག་ལ་མི་འདུ་བའི་འབྲེལ་ལམ་ཐོག་སྡོད་མིན་རང་མོས་ལྟར་ཐག་གཅོད་བྱེད་ཆོག འདི་ནི་འཚེ་མེད་ཞི་བའི་ལས་འགུལ་ལེགས་འགྲུབ་བྱུང་ཐབས་ཁྲོད་ཀྱི་རྩ་བའི་འཇུ་ས་དེ་ཆགས་ཡོད།

དེ་ལས་ལྡོག་ན། བོད་ཀྱི་གཏམ་དཔེ་གཞན་ཞིག་ཏུ། “མཛུབ་མོ་གཅིག་གིས་གནམ་མི་ཐེག་”ཟེར། དེའི་ག་རེ་བཤད་ཀྱི་ཡོད་དམ་ཟེར་ན། མི་སྒེར་རམ་ཚོགས་སྡེ་གང་ཡིན་ཡང་དཔུང་རོགས་མེད་པར་དོན་དག་ཆེ་མ་ཆུང་གསུམ་གང་ཡིན་ཡང་ཡག་པོ་ཞིག་འགྲུབ་མི་ཐུབ་ཟེར་གྱི་ཡོད།

མཉམ་རུབ་ལས་འགུལ་ནི་གཅིག་གིས་གཅིག་ལ་རྒྱུས་ལོན་བྱེད་ཐབས་ཤིག་ཀྱང་ཡིན་པས། རྒྱའི་གཏམ་དཔེར། “ཕན་ཚུན་གཉིས་ཀར་རྒྱུས་ཡོད་ན། ཐེངས་བརྒྱར་འཐབ་ཀྱང་ཕམ་མི་སྲིད་”ཟེར་བ་ལྟར་རེད། འདི་ནས་མཉམ་རུབ་བྱེད་མཁན་ལ་འཐབ་དགོས་ཟེར་གྱི་མེད་པར་མཉམ་རུབ་བྱེད་མཁན་གྱི་ལྟ་སྤྱོད་འགྲོ་འདུག་བརྒྱུད་ནས་ཁ་གཏད་གཅོག་ཡུལ་ལ་རྒྱུས་ལོན་བྱེད་ཐུབ། ཡང་མཉམ་རུབ་བརྒྱུད་ནས་ལོ་རྒྱུས་ངོ་མ་དག་ཕན་ཚུན་བར་ར་སྤྲོད་བྱེད་ཐུབ། གལ་ཏེ་བོད་དོན་གྲོས་མོལ་ཞིག་བརྒྱུད་ནས་ཐག་གཅོད་དགོས་ན། ངེས་པར་དུ་འདས་མ་ད་གསུམ་གྱི་ལོ་རྒྱུས་ངོ་མ་ཕན་ཚུན་ལ་ར་འཕྲོད་དགོས་པ་གོམ་སྟབས་དང་པོ་ཆགས་ཡོད། ལྷག་འཕྲོས་རྣམ་དཔྱོད་དང་གོ་སྐབས་སོགས་རྐྱ་འཐབ་ནས་ཡོད་པའི་གནས་སྟངས་ཤིག་ཡིན།

གཉིས་པ། མཉམ་རུབ་ལས་འགུལ་གྱི་སྔོན་འགྲོའི་སྦྱོང་བརྡར་ནི་བོད་མི་ནང་ཁུལ་གྱི་མཉམ་རུབ་ལས་འགུལ་ཁག་ཆགས་ཀྱི་ཡོད། དཔེར་ན། རྩ་བའི་དམིགས་འབེན་བོད་དོན་ཐག་གཅོད་ཡོང་ཐབས་ཡིན་པས། ལངས་ཕྱོགས་མི་གཅིག་ཀྱང་ཕན་ཚུན་བར་གནས་ཚུལ་མཁོ་སྤྲོད་བྱེད་རེས་དང་བསམ་ཚུལ་བརྗེ་རེས། ཉེར་མཁོའི་ཅ་ལག་གཡར་རེས་དང་ཐོན་ཁུངས་མཉམ་སྤྱོད་བྱེད་རེས་བཅས་བརྒྱུད་ནས་དོན་གྱི་“དབང་རྣོན་རིག་པའི་རྗེས་འབྲངས་”པའི་མི་སྡེ་ཞིག་ཡོང་ཐབས་ལ་བརྩོན་དགོས། དེ་ལས་ལྡོག་ན། མི་རིགས་གཞན་དང་མཉམ་རུབ་ལས་འགུལ་སྤེལ་སྐབས། བོད་མི་ནང་ཁུལ་ནས་ཕན་ཚུན་ལ་རྒྱབ་བཤད་རྒྱག་རེས་ཀྱིས་“བོད་”ཅེས་པའི་མིང་བྱང་འོག་གི་མི་སྡེ་སྤྱི་ཚོགས་ལ་ཆ་མཐོང་མེད་པ་ཞིག་ཏུ་བསྒྱུར་ངེས་པར་མ་ཟད། མཉམ་རུབ་ཕར་ཞོག་ཐ་ན་གཞན་གྱི་མིག་ནང་དུ་མི་སྒེར་བ་རེ་རེ་ལའང་བརྩི་འཇོག་ཡལ་འགྲོ། ཡིན་ནའང་། ཕན་ཚུན་བར་ལྟ་བ་དང་བྱེད་ཐབས་བཅས་ལ་རིག་པའི་ལམ་ནས་ཡོངས་གྲགས་དོགས་སློང་ག་དུས་ཀྱང་སྤང་མི་འོས། དེ་ནི་ཡར་བསྐྱེད་ཡོང་ཐབས་ཤིག་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྟོན་སྟངས་ཡན་གར་བ་ཞིག་ཆགས་ཡོད། །
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་༢༠༡༩།༧།༡༩ ཉིན་བཅར་འདྲི་བྱས།

Share this:
༡༨༩༥ ཀློག་གྲངས།