ཧོང་ཀོང་གི་ངོ་རྒོལ་ཤུགས་ཆེ་རུ་ཕྱིན་ནས་རྒྱ་ནག་གིས་ལག་པ་དངོས་སུ་འཆང་དགོས་ཆགས་སྲིད། 

དཔྱད་བརྗོད་འདི་ནི་ཟླ་འདིའི་ཚེས་༢༣ ཉིན་ཁན-མོར་ཚོ་གྷོ(KEN MORITSUGU) ཡིས་རྒྱལ་སྤྱིའི་གསར་ཁང་ Associeted Press ཐོག་ཏུ་སྤེལ་ཞིང་། དཀོན་མཆོག་བར་བརྟན་གྱིས་ཚེས་༢༤ ཉིན་བསྒྱུར། 

རྒྱ་ནག་གིས་ཧོང་ཀོང་གི་གནམ་ས་གཡོ་བའི་ངོ་རྒོལ་དེར་དངོས་སུ་ལག་པ་འཆང་འདོད་གཏན་ནས་མེད་མོད། འོན་ཀྱང་འཆང་རྒྱུ་མ་རེད་ཟེར་མི་ཐུབ། ཟླ་བ་གཉིས་ཟིན་ལ་ཉེ་བའི་ལས་འགུལ་དེ་ད་ལྟ་ཕྱོགས་གཉིས་ནས་སྔར་བས་ཀྱང་ཉེན་ཁ་ཆེ་བར་གྱུར་ཡོད་དེ། ཕྱོགས་གཅིག་ནས་ཁ་སྔོན་ཧོང་ཀོང་གྲོང་ཁྱེར་གྱི་ཁྲིམས་བཟོ་ལྷན་ཁང་དང་། ཉེན་རྟོག་ལས་ཁུངས་ཀྱི་མཐའ་སྐོར་མཁན་གྱི་ངོ་རྒོལ་བ་དེ་ཚོས་རེས་གཟའ་ཉི་མའི་ཉིན་ཐད་ཀར་རྒྱ་ནག་རང་ལ་ཁོང་ཁྲོའི་རྣམ་འགྱུར་བསྟན་ནས་རྒྱ་ནག་དབུས་གཞུང་གི་རྒྱལ་རྟགས་ཐོག་སྣག་ཚ་ནག་པོ་གཏོར་བ་དང་། དབུས་གཞུང་གི་ལས་ཁུངས་ལ་སྒོ་ང་གཞུ་བ་སོགས་བྱས་པས། ཁོ་ཚོའི་བྱ་འགུལ་དེར་པེ་ཅིང་དགའ་མེད་པ་བརྗོད་ཅི་ལ་དགོས། 

ཡང་ཕྱོགས་གཞན་ཞིག་ནས་ལྕགས་དབྱུག་དང་ཤིང་དུམ་ཐོགས་པའི་མི་ཁག་ཅིག་གིས་རེས་གཟའ་ཉི་མའི་མཚན་མོར་མེ་འཁོར་འབབ་ཚུགས་སུ་ངོ་རྒོལ་བ་དང་འགྲུལ་བ་གཞན་རྣམས་ལ་རྒྱག་རྡུང་བྱས་པས། མི་༤༥ ལ་རྨས་སྐྱོན་ཐེབས་པ་དང་། དེ་དག་གི་ཁྲོད་ནས་གཅིག་ཉེན་ཁ་ཚབས་ཆེན་ནང་ལྷུང་ཡོད། པེ་ཅིང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་སྔོན་ཆད་ཀྱང་ངོ་རྒོལ་བར་འཛིང་མོ་བྱེད་མྱོང་ཡོད་མོད། ཚད་འདི་ལ་སླེབ་མྱོང་མེད། 

ཕྱོགས་གཉིས་ཀས་རྒྱ་ནག་མི་མདངས་བཅིངས་གྲོལ་དམག་ཡོང་དུ་འཇུག་འདོད་མེད་མོད། འོན་ཀྱང་དཀའ་རྙོག་ཇེ་ཆེར་འགྲོ་བ་དང་། རྒྱ་ནག་གིས་ངོ་རྒོལ་དེ་ནི་ཐད་ཀར་སོ་སོའི་ཁེ་དབང་ལ་ཁ་གཏད་བཅག་པ་ཞིག་ཏུ་མཐོང་ནས་དམག་གཏོང་བའི་ཉེན་ཁ་ཆེན་པོ་ཡོད། ངོ་རྒོལ་བ་ཚོའི་ཐོག་ལ་དྲག་རྡུང་བྱེད་མཁན་གྱི་རྒྱབ་ཏུ་སུ་ཡོད་མེད་ད་ལྟ་དངོས་སུ་གསལ་པོ་ཆགས་མེད་པ་དང་། ཧོང་ཀོང་ཉེན་རྟོག་ལས་ཁུངས་ཀྱིས་ཁས་ལེན་གཏན་ནས་བྱེད་ཀྱི་མེད་ཀྱང་། ཉེན་རྟོག་པ་དང་ཉེས་ཅན་པ་གཉིས་ངན་པ་ལག་སྦྲེལ་ཡིན་པའི་ཉེས་འཛུགས་བྱེད་ཀྱི་ཡོད་པ་རེད། 

གལ་སྲིད་རྒྱ་ནག་གིས་ཐད་ཀར་ཧོང་ཀོང་ལ་ལག་པ་འཆང་བ་ཡིན་ན། འཛམ་གླིང་གིས་སྐྱོན་བརྗོད་ཚབས་ཆེན་བྱེད་རྒྱུ་རེད་ལ། ཧོང་ཀོང་གི་ཁྲིམས་དང་སྒྲིག་གཞི་ལྡན་པའི་དཔལ་འབྱོར་ལྟེ་བའི་མཚན་གནས་དེ་ཡང་བརླག་པའི་ཉེན་ཁ་ཡོད། ད་དུང་དེ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་འཛམ་གླིང་མི་མང་གི་སེམས་ཁོང་ནས་བརྗེད་ན་འདོད་པའི་དོན་རྐྱེན་ཏེ། ༡༩༨༩ ལོར་གནམ་སྡེ་སྒོ་མོ་ཆེར་མང་གཙོ་དོན་གཉེར་ཅན་བ་ལ་དམག་གིས་དྲག་གནོན་ཚད་མེད་བགྱིས་པ་དེ་དྲན་གསོ་དང་མཚུངས་བསྡུར་བྱེད་པ་ཡོང་སྲིད། 

རྒྱ་ནག་ལ་མཚོན་ན། ཧོང་ཀོང་གི་གནད་དོན་ནི་དཔལ་འབྱོར་གྱི་གནད་དོན་ཙམ་མ་ཡིན་པར་ཆབ་སྲིད་ཀྱི་གནད་དོན་ཡང་ཆགས་ཡོད། སྔོན་ཆད་དབྱིན་ཇིའི་མི་སེར་སྤེལ་ཡུལ་གྱི་ས་ཁུལ་ཡིན་པའི་ཧོང་ཀོང་ནི་ཕྱི་ལོ་༡༩༩༧ ལོར་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་འོག་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་དང་། ཧོང་ཀོང་གི་མི་མང་ལ་སྐམ་ས་ཆེན་མོའི་མི་མང་ལས་ཐོབ་ཐང་དང་རང་དབང་ལྡབ་ཀྱིས་ཆེ་བ་ཡོད། 

རྒྱ་ནག་གིས་དམིགས་བསལ་གྱི་ལམ་ལུགས་འདི་བེད་སྤྱད་དེ་ཐའེ་ཝན་ཡང་སོ་སོའི་དབང་སྒྱུར་འོག་ཏུ་བསྡུ་འདོད་ཡོད་པས། ལམ་ལུགས་འདིའི་ལེགས་འགྲུབ་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད། ཐའེ་ཝན་གྱི་སྲིད་འཛིན་ཚེ་ཡེ་ཝན་གྱིས་ཧོང་ཀོང་གི་གནས་སྟངས་དཔེ་ན་བཞག་སྟེ་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཟེར་བ་དེ་ཡོང་ཐབས་མེད་པ་སྒྲུབ་འགོ་བརྩམས་ཟིན་པས། གལ་སྲིད་རྒྱ་དམག་གིས་ཧོང་ཀོང་ལ་དངོས་སུ་ཐེ་བྱུས་བྱས་པ་ཡིན་ན། ཐའེ་ཝན་གྱི་མི་སེར་མང་པོ་ཞིག་གི་འཇིགས་སྣང་དེ་ཏག་ཏག་ར་སྤྲོད་བྱས་པ་ཆགས་ཡོད། 

རྒྱ་ནག་གི་ངོས་ནས་བཤད་ན། ངོ་རྒོལ་འདིའི་མཇུག་འབྲས་ལེགས་ཤོས་དེ་ནི་༢༠༡༤ ལོའི་སློབ་མའི་“ཉི་གདུགས་ལས་འགུལ་”གྱིས་ཟླ་བ་གཉིས་རིང་ཧོང་ཀོང་གི་རྒྱ་ལམ་བཟུང་རྗེས། ལྷིང་འཇགས་ནས་ལྟོས་བཅས་ཀྱིས་རྒྱུན་ལྡན་དུ་གྱུར་བ་ཇི་བཞིན་ཡོང་བའི་རེ་བ་བྱེད་རྒྱུ་དེ་རེད། 

འདི་ལོའི་ངོ་རྒོལ་བ་མང་པོ་ཞིག་ཉི་གདུགས་ལས་འགུལ་གྱི་ལས་འགུལ་བ་ཉམས་མྱོང་ཅན་ཡིན་ཞིང་། སྔོན་གྱི་ངོ་རྒོལ་དེ་དག་གིས་འགྱུར་ལྡོག་གང་ཡང་གཏོང་མ་ཐུབ་པ་དེར་ཁོ་ཚོ་བློ་ཕམ་སྐྱེས་ཡོད། ཁོ་ཚོའི་ཁྲོད་ནས་ཁ་ཅིག་གིས་ད་ཐེངས་ཕྱིར་ནུད་གཏན་ནས་བྱེེད་རྒྱུ་མིན་པའི་རྣམ་པ་བསྟན་ཡོད། ཡིན་ན་ཡང་། དྲི་བ་ནི་ཁོང་ཚོས་ཇི་ཙམ་བར་དུ་འབུད་རྒྱག་གཏོང་རྒྱུ་ཡིན་པ་དང་། པེ་ཅིང་གིས་ཁོ་ཚོ་ལ་ཇི་ཙམ་བར་དུ་འབུད་རྒྱག་གཏོང་དུ་འཇུག་ངེས་ཞེས་པ་དེ་རེད། 

རྒྱ་ནག་གི་ལོ་རྒྱུས་མཁས་པ་དང་ཆབ་སྲིད་དཔྱད་བརྗོད་པ་ཀྲང་ལི་ཧྥན་(Zhang Lifan) གྱིས་“རྒྱ་ནག་དབུས་སྲིད་གཞུང་ལ་རང་དབང་དེ་ཙམ་མེད། གལ་སྲིད་ཧོང་ཀོང་གི་ལྟ་བ་མཁྲེགས་འཛིན་ཅན་ཚོས་རང་བཙན་དགོས་པའི་རེ་འདུན་བཏོན་ནས་ཧོང་ཀོང་གི་གནས་སྟངས་ར་ལང་ཆ་ལང་ཆགས་པ་ཡིན་ན། དབུས་སྲིད་གཞུང་གིས་ཐེ་བྱུས་བྱེད་རྒྱུ་གཏན་ཁེལ་རེད་”ཅེས་བཤད་ཡོད། 

མཇུག་འབྲས་འདི་ཕལ་ཆེར་ཡོང་མི་སྲིད། འོན་ཀྱང་ད་ལྟ་འབྱུང་བཞིན་པའི་ངོ་རྒོལ་འདི་ལ་འགྲོ་ས་གསལ་པོ་ཞིག་མེད་པས། མུ་མཐུད་ཇེ་ཆེར་གྱུར་ནས་པེ་ཅིང་ལ་སྔར་བས་ཀྱང་ཆེ་བའི་སེམས་འཚབ་སློང་སྲིད། 

ངོ་རྒོལ་བ་ཚོས་གྱང་ངོས་སུ་ཚོན་གྱིས་བྲིས་པའི་འབོད་ཚིག་ནང་མང་པོའི་ཁྲོད་དུ་“ཧོང་ཀོང་རྒྱ་ནག་མིན་”ཞེས་པ་ཡོད། རིམ་པ་གཅིག་གི་ཐོག་ནས་བཤད་ན། འདིས་ཧོང་ཀོང་ལ་སྐམ་ས་ཆེན་མོ་ལས་ལྷག་པའི་རང་དབང་དང་། རང་དབང་ཅན་གྱི་ཁྲིམས་ལུགས་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཡོད་ཟེར་གྱི་ཡོད།

ཡང་རིམ་པ་གཞན་ཞིག་གི་ཐོག་ནས་བཤད་ན། འདིས་ཆབ་སྲིད་ཙམ་མ་ཟད་དཔལ་འབྱོར་གྱི་ངོས་ནས་རྒྱ་ནག་གི་ཆ་ཤས་སུ་གྱུར་བའི་ཧོང་ཀོང་གི་འཚོ་བ་ལ་མ་རང་བ་ཤུགས་ཆེ་རུ་འགྲོ་བཞིན་པ་དེ་སྟོན་གྱི་ཡོད་དེ། རྒྱ་ནག་གི་མ་དངུལ་འབོར་ཆེན་ཧོང་ཀོང་དུ་བསླེབས་པ་དེས་ས་དང་ཁང་པའི་རིན་གོང་ལྡབ་ཀྱིས་འཕར་དུ་བཅུག་སྟེ་གཞོན་སྐྱེས་མང་པོ་ཞིག་གིས་ཉོ་ཐབས་བྲལ་བ་ཆགས་ཡོད། ངོ་རྒོལ་བ་འགའ་ཤས་ཀྱིས་ངོ་རྒོལ་བྱེད་སར་སྔོན་ཆད་ཧོང་ཀོང་དབྱིན་ཇིས་འཛིན་སྐབས་ཀྱི་རྒྱལ་དར་ཡང་ཁྱེར་ཡོད། 

རྒྱ་ནག་ལ་མཚོན་ན། ཧོང་ཀོང་སླར་ཡར་ཤོར་བ་དེ་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་ལམ་ལྷོང་མ་བྱུང་བ་ལས་ཀྱང་སྡུག་པར་འགྱུར་ངེས། ཧོང་ཀོང་པེ་ཅིང་ཕྱོགས་གཏོགས་སྲིད་གཞུང་གིས་ན་ནིང་ཧོང་ཀོང་མི་མང་ས་ཡ་༧.༤ ལ་རང་བཙན་དགོས་པའི་མངོན་འདོད་འདོན་མཁན་གྱི་ཆབ་སྲིད་ཚོགས་པ་རྩིས་མེད་བཏང་ཡོད། 

ཨོ་སི་ཐྲོ་ལི་ཡའི་མོ་ནཱ་ཤི་སློབ་ཆེན་(Monash University) གྱི་རྒྱ་ནག་རིག་པའི་མཁས་དབང་རྒན་པ་ཁེ་ཝན-ཁེ་རོ་ཁོ(Kevin Carrico)ཡིས་“རྒྱ་ནག་དམར་ཤོག་ཚོགས་པས་ཧོང་ཀོང་ལ་དངོས་སུ་ལག་པ་འཆང་སླད། རྐང་བཙུགས་ནས་ཧོང་ཀོང་ལ་རྙོག་ཟིང་སློང་དུ་འཇུག་གི་ཡོད་དམ། ཡང་ན་འཛིན་སྐྱོང་ལེགས་པོ་མ་བྱས་ནས་འདི་ལྟ་བུའི་རྙོག་ཟིང་ཞིག་གཡོལ་ཐབས་བྲལ་བ་ཆགས་པ་ཡིན་མིན་དོགས་པ་ལང་གི་འདུག་”ཅེས་གསུངས་ཡོད། 

དབང་འཛིན་དམར་ཤོག་ཚོགས་པས་བརྟན་ལྷིང་གཙོ་བོའི་གཙོ་བོར་འཛིན་གྱི་ཡོད་ཅིང་། དེ་ནི་གནམ་སྡེ་སྒོ་མོའི་ངོ་རྒོལ་ལ་དྲག་གནོན་བྱེད་སྐབས་ཐག་གཅོད་བྱས་པའི་གདམ་ག་ཞིག་ཡིན། དུས་དེ་ནས་བཟུང་དམར་ཤོག་ཚོགས་པས་རྒྱ་ནག་ལ་དྲངས་པའི་བརྟན་ལྷིང་ལ་བརྟེན་ནས་རྒྱ་ནག་འཛམ་གླིང་གི་དཔལ་འབྱོར་ཨང་གཉིས་པར་གྱུར་ཞིང་མི་མང་ས་ཡ་མང་པོ་དབུལ་ཕོངས་ཀྱི་གནས་ལས་གྲོལ་བ་རེད་ཅེས་པ་ནི་ཁ་འདོན་ཞིག་ཏུ་གྱུར་ཡོད། 

རྒྱ་ནག་གི་བརྟན་ལྷིང་དེ་ནི་སྨྲ་བརྗོད་རང་དབང་ལྟ་བུའི་མིའུ་སྒེར་གྱི་རང་དབང་རྣམས་བྱིན་ནས་ཡོང་བ་ཞིག་ཡིན་ལ། ད་ལྟའི་སྲིད་འཛིན་ཞི་ཅིན་ཕིང་གི་དབང་སྒྱུར་འོག དམར་ཤོག་ཚོགས་པས་ཆོས་ལུགས་ནས་སྤྱི་ཚོགས་དྲ་ལམ་བར་གྱི་སྤྱི་ཚོགས་ཀྱི་ཆ་ཤས་ཡོངས་ལ་དབང་སྒྱུར་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཧོང་ཀོང་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། 

རྒྱ་ནག་དབུས་གཞུང་དང་ཧོང་ཀོང་གཞུང་གཉིས་ཀས་ངོ་རྒོལ་བ་ཁ་ཅིག་གི་དྲག་པོའི་བྱ་སྤྱོད་ནི་ཧོང་ཀོང་གི་ཁྲིམས་དང་སྒྲིག་གཞི་གཏོར་བཤིག་གཏོང་མཁན་ངོ་མ་དེ་རེད་ཟེར་ནས་ངོ་རྒོལ་བ་ཚོའི་རྩོད་པ་དེ་ཕྱིར་ངོ་རྒོལ་བ་ཚོར་བེད་སྤྱོད་བྱེད་ཀྱི་ཡོད། 

རེས་གཟའ་ཟླ་བར་པེ་ཅིང་ཕྱོགས་གཏོགས་ཀྱི་ཁྲིམས་བཟོ་བ་རིག་ན-ཕི་(Regina Ip) ཡིས་“གལ་ཏེ་ཧོང་ཀོང་གི་ཡར་རྒྱས་དང་བརྟན་ལྷིང་ལ་གཏོར་བརླག་བཏང་བ་ཡིན་ན། མཇུག་མཐར་དཀའ་སྡུག་མང་ཤོས་མྱོང་མཁན་དེ་གཞོན་སྐྱེས་ཚོ་ཆགས་ངེས་རེད་”ཅེས་བརྗོད་ཡོད། 

མོའི་སྐད་ཆ་འདིས་ཧོང་ཀོང་གི་འབྱུང་གྱུར་ཐོག་ལ་གཞི་རྩའི་ལྟ་བ་མི་འདྲ་བ་གཉིས་ཡོད་པ་དེ་སྟོན་ཏེ། དཔལ་འབྱོར་འཕེལ་རྒྱས་དང་བརྟན་ལྷིང་གཙོ་བོར་དམིགས་པའི་རྙིང་ཞེན་རིང་ལུགས་པ་དང་། གུ་ཡངས་ཀྱི་ལྟ་བ་ལྡན་ཞིང་མང་གཙོ་དོན་དུ་གཉེར་མཁན་གྱི་གཞོན་སྐྱེས་གཉིས་ཡིན། 

གཞི་རྩའི་དབྱེ་བ་འདི་གཉིས་ནི་འདས་པའི་ལོ་ངོ་འདི་དག་ནང་ངོ་རྒོལ་རབ་དང་རིམ་པ་བྱུང་ནས་ཧོང་ཀོང་དང་པེ་ཅིང་སྲིད་གཞུང་བར་གྱི་འགལ་ཟླ་ཇེ་ཆེར་བཏང་སྟེ་གད་འཐོར་དུ་འགྲོ་བའི་མཚམས་སུ་སྐྱེལ་མཁན་དེ་ཡིན། ། 

 

Share this:
༦༤༧ ཀློག་གྲངས།