དྷ་སར་བདེ་ལེགས་རྩལ་སྦྱོང་ཁང་གསར་འཛུགས། 

ཟླ་འདིའི་ཚེས་༢༩ ཉིན་སྔ་དྲོ་དྷ་ས་གངས་སྐྱིད་ཉེ་འཁྲིས་ཀྱི་བདེ་ལེགས་སྨན་ཁང་གིས་གསར་འཛུགས་བྱས་པའི་ལུས་སྦྱོང་ཁང་ཞིག་ལེགས་པར་གྲུབ་པའི་མཛད་སྒོ་འཚོགས་སོང་ལ། དེ་ནི་དྷ་སར་དེང་རབས་ལུས་སྦྱོང་ཡོ་བྱད་ལྡན་པའི་བོད་ཀྱི་ལུས་སྦྱོང་ཁང་ཐོག་མ་དེ་ཆགས་ཡོད་འདུག 

དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་ཏུ་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གིས་ལུས་སྦྱོང་ཁང་དེ་འདྲ་ཞིག་བཙུགས་པའི་དམིགས་དང་འབྲེལ་བའི་སྐོར་གསུངས་སྐབས། ཁོང་གིས་“གཞི་རྩའི་ང་རང་ཚོའི་སྤྱི་ཚོགས་ནང་ཡིན་ན་རེད། འཛམ་གླིང་སྤྱིའི་ནང་སྨན་པ་རྣམ་པས་སྨན་ཁང་ལ་བསྟེན་གཏུག་བྱས་ནས་ནད་བཅོས་རྒྱུ་དེ་བརྒྱ་ཆ་བཅུ་ཙམ་ཆགས་ཀྱི་ཡོད་རེད། དེ་ལས་ལྷག་པ་སོ་སོ་ལ་འཕྲོད་པ་ཞིག་བསྟེན་ནས་ཉིན་རེའི་མི་ཚེ་སྐྱེལ་སྟངས་དང་། ལྷག་དོན་དུ་ཞལ་ལག་མཆོད་སྟངས། དེའི་ཐོག་ལ་གཟུགས་པོའི་ལུས་སྦྱོང་དེ་འདྲ་བྱས་པ་ཡིན་ན། གཟུགས་པོའི་འཕྲོད་བསྟེན་གྱི་དཀའ་ངལ་བརྒྱ་ཆ་བཞི་བཅུ་ལྷག་བཅོས་ཀྱི་ཡོད་”ཅེས་སྔོན་འགོག་གི་གལ་ཆེའི་རང་བཞིན་སྐོར་གསུངས་པ་དང་། དེ་ནས་གཙོ་བོ་༧སྤྱི་ནོར་གོང་ས་སྐྱབས་མགོན་མཆོག་གིས་དེ་སྔ་ནས་བཀའ་སློབ་ལམ་སྟོན་རྒྱུན་མ་ཆད་པར་གནང་ཞིང་། ཡང་སྒོས་སུ་༢༠༡༦ ལོར་བོད་པའི་སྤྱི་ཚོགས་ནང་འཕྲོད་བསྟེན་སྔོན་འགོག་ཐོག་ལ་འཐུས་ཤོར་ཆེན་པོ་འགྲོ་ཡི་ཡོད་པའི་བཀའ་སློབ་དོ་ནན་ཞིག་ཕེབས་རྗེས། བོད་མིའི་སྒྲིག་འཛུགས་དང་། འཕྲོད་བསྟེན་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་དང་འབྲེལ་བའི་ཚན་པ་ཁག ལྷག་དོན་དུ་བདེ་ལེགས་སྨན་ཁང་དང་སྨན་བརྩིས་ཁང་སོགས་ཚང་མས་ཧུར་ཐག་བྱེད་བཞིན་ཡོད་པ་མ་ཟད། འཕྲོད་བསྟེན་སྔོན་འགོག་རང་གི་ཆེད་དུ་བོད་པའི་སྡོད་སྒར་ཆེ་ཁག་སྤེལ་ཀོབ་དང་། མོན་གྷོ། ཀོ་ལེ་གྷལ་བཅས་ཀྱི་ནང་དུ་ཕྱི་སྤྱོད་ལུས་སྦྱོང་རྭ་བ་(Outdoor GYM) བཙུགས་ཚར་བའི་ཐོག ད་ལྟའི་ཆར་གཞིས་ཆགས་ཆེ་བ་ནས་འབྲིང་བ་ལ་སླེབས་ནས་ཧུང་སོར་དང་། ཨུ་རེ་ས། བདེ་སྐྱིད་གླིང་བཅས་ལ་བཙུགས་ནས་འཚར་ལ་ཉེ་བ་དང་། ལ་དྭགས་ལའང་འཛུགས་སའི་ས་གནས་གཏན་ཁེལ་བྱས་ཚར་བའི་སྐོར་གསུངས་སོང་། 

དྷ་སར་བོད་མིའི་གཞིས་ཆགས་ཁག་གཞན་དང་མི་འདྲ་བར་ལུས་སྦྱོང་ཁང་རང་འཛུགས་དགོས་པའི་རྒྱུ་མཚན་སྐོར་ལ་ཁོང་གིས “གཅིག་ན་གནམ་གཤིས་ཀྱི་ཐོག་ནས་ཆར་ཆུ་ཤུགས་ཆེ་བ་དང་། གཉིས་ན་ས་ཆའི་ཐོག་ནས་དཀའ་ངལ་ཡོད། བྱས་ཙང་ང་ཚོས་སྔོན་རྩིས་རང་གི་ཐོག་ནས་ལུས་སྦྱོང་ཁང་རང་ཞུས་པ་ཡིན་”ཞེས་འགྲེལ་བརྗོད་གནང་བའི་ཐོག བོད་པའི་སྤྱི་ཚོགས་ནང་འཕྲོད་བསྟེན་གྱི་གནས་བབ་དེ་བཟང་པོ་མེད་པ་ཡིན་ན། དཔལ་འབྱོར་གྱི་ཐོག་ནས་ཡིན་ན་རེད། ཤེས་ཡོན་གྱི་ཐོག་ནས་ཡིན་ན་རེད། སོ་སོ་ནང་གི་གནས་སྟངས་སོགས་གང་ཅིའི་ཐད་ནས་དོ་ཕོག་འགྲོ་ངེས་པས། དེ་ངོས་འཛིན་ཡོད་པའི་ཐོག་ནས་ལས་གཞི་དེ་དག་བརྩམས་པ་ཡིན་ཚུལ་གསུངས་སོང་། 

སྐུ་མགྲོན་གཙོ་བོའི་གསུང་བཤད་གྲུབ་རྗེས། བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་གསར་འགོད་པ་ཚོ་དང་ལྷན་དུ་དྲི་བ་དྲིས་ལན་གནང་ཞིང་། ཁོང་གིས་ལུས་སྦྱོང་ཁང་དེ་གསར་འཛུགས་བྱེད་པའི་འགྲོ་གྲོན་ལ་ཧིན་སྒོར་འབུམ་བཅུ་གསུམ་དང་ཕྱེད་ཙམ་སོང་བ་དང་། ལུས་སྦྱོང་གི་ཡོ་བྱེད་(གཅིག་མ་གཏོགས)་ཆ་ཚང་འཛོམས་ཡོད་པ། ལུས་སྦྱོང་ཁང་གི་དུས་ཚོད་རེའུ་མིག་དེ་ཞོགས་པ་ཆུ་ཚོད་༦ ནས་༩ བར་དང་། ཕྱི་དྲོ་ཆུ་ཚོད་༤ ནས་༨ བར་ཡིན་པ་རེད། ལུས་སྦྱོང་ཆེད་ཡོང་མཁན་རེ་ལ་ཟླ་བ་གཅིག་ནས་གསུམ་བར་ཧིན་སྒོར་༩༠༠ དང་། ཟླ་བ་གསུམ་ལྷག་ཡོང་ན་ཧིན་སྒོར་༨༠༠། ཡང་ལོ་གཅིག་ཧྲིལ་བོར་ཡོང་ན་ཟླ་བ་གཉིས་ཕྱེད་བཅག་གིས་ཧིན་སྒོར་༨༠༠༠ ལེན་རྒྱུ་ཡིན་པ་མ་ཟད། གལ་སྲིད་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལྟ་སྐྱོང་ལས་འཆར་ནང་ཡོད་པ་ཡིན་ན། བརྒྱ་ཆ་ལྔ་བཅུ་གཅོག་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་སོང་། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༡༡༥༨ ཀློག་གྲངས།