ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རྒྱ་ནག་དང་ཧོང་ཀོང་གི་སློབ་མ་བར་གདོང་ཐུག་བྱུང་བཞིན་འདུག 

ཧོང་ཀོང་ནང་གི་སློབ་མ་གཙོས་པའི་མང་གཙོའི་ལས་འགུལ་བ་དང་མི་མང་ཚོས། ཧོང་ཀོང་ནས་དོགས་ཡོད་ཉེས་ཅན་ཚོ་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ཁྲིམས་འཆར་དང་འབྲེལ་ནས། ཧོང་ཀོང་གཞུང་ལ་ངོ་རྒོལ་དང་སྤྱི་ཁྱབ་དཔོན་དགོངས་པ་ཞུ་དགོས་པ་དང་། མང་གཙོའི་འོས་བསྡུ་བྱེད་དགོས་པའི་དགོས་འདུན་གྱིས་ལས་འགུལ་བབསྟུད་མར་སྤེལ་བཞིན་པ་དང་བསྟུན། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཧོང་ཀོང་སློབ་མ་དང་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡིན་པའི་སློབ་མ་བར་ཧོང་ཀོང་ནང་གི་ལས་འགུལ་ཐད་གདོང་ཐུག་བྱུང་བཞིན་ཡོད་ཁར། ཐེངས་ཁ་ཤས་ལ་ཉེན་རྟོག་པ་སླེབས་དགོས་ཁེལ་ཡོད་འདུག 

ཟླ་༧ པའི་ཚེས་༣༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༧ པའི་ཚེས་༢༩ ཉིན་ནིའུ་ཛེ་ལན་ཌ་རྒྱལ་ཁབ་ཀྱི་ཨག་ལན་ཌ་གཙུག་ལག་སློབ་གཉེར་ཁང་དུ། ཧོང་ཀོང་ནས་ཡིན་པའི་སློབ་མ་ཁག་ཅིག་གིས་ཧོང་ཀོང་ནང་གི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གྱི་སྦྱར་ཡིག་ཁག་ཅིག འཛིན་སྐྱོང་གི་ཆོག་མཆན་ཡོད་པའི་ཐོག་ནས་སྦྱར་བཞིན་པའི་སྐབས་སུ། རྒྱ་ནག་སྐམ་ས་ཆེན་མོ་ནས་ཡིན་པའི་སློབ་མ་གསུམ་སླེབས་ནས་དགག་བྱ་བྱས་ཡོད་འདུག སྐབས་དེར་ཕྱོགས་ཁག་གཉིས་བར་གདོང་ཐུག་བྱུང་ནས། ཧོང་ཀོང་ནས་ཡིན་པའི་བུད་མེད་སློབ་མ་ཞིག་ལ་འབུད་རྒྱག་བཏང་ནས་ས་ལ་འགྱེལ་ཡོད་འདུག ཕྱོགས་གཉིས་བར་གྱི་གདོང་ཐུག་གི་བརྙན་ཐུང་དེ་དྲ་ཐོག་ཏུ་ཁྱབ་སྤེལ་ཆེན་པོ་སོང་ནས་གླེང་སློང་ཤུགས་ཆེན་འབྱུང་བཞིན་འདུག 

གཙུག་ལག་སློབ་གཉེར་ཁང་གིས་སྤེལ་བའི་བསྒྲགས་གཏམ་ཞིག་ནང་དུ། འཛིན་སྐྱོང་ནས་ཧོང་ཀོང་ནང་གི་གནད་དོན་ཐོག་བསམ་ཚུལ་མི་མཐུན་པའི་སློབ་མའི་བར་རྩོད་རྙོག་བྱུང་བ་ཤེས་རྟོགས་བྱུང་བས། སློབ་གཉེར་ཁང་གི་བདེ་སྲུང་མི་སྣར་སློབ་གཉེར་ཁང་གི་བདེ་འཇགས་ལ་དོ་སྣང་བྱེད་པའི་བཀོད་མངགས་བྱས་ཟིན་པ་དང་། མི་ཚང་མར་གནད་དོན་ཞིག་གི་ཐོག་ཏུ་བསམ་ཚུལ་མི་འདྲ་བ་ཡོད་སྲིད་པས། བསམ་ཚུལ་ཕྱིར་བཏོན་སྐབས་གཞན་གྱི་བསམ་ཚུལ་ལ་གུས་བརྩི་དང་ཐོབ་ཐང་ཡོད་པའི་ཐོག་ནས་བྱེད་རྒྱུ་གལ་ཆེན་ཡིན་པ་དང་། སློབ་གཉེར་ཁང་དེའི་ནང་བརྙས་བཅོས་དང་དབྱེ་འབྱེད་ཀྱི་བྱ་སྤྱོད་རིགས་ལ་ངོས་ལེན་བྱེད་ཐབས་མེད་སྐོར་དང་། ཤེས་ཡོན་གྱི་རང་དབང་དང་སྨྲ་བརྗོད་རང་དབང་ལ་མཐོང་ཆེན་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་བརྗོད་འདུག 

ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཤེས་ཡོན་ལྟེ་གནས་ཁང་ཁག་ཏུ། རྒྱ་ནག་གི་ཤུགས་རྐྱེན་སླེབས་བཞིན་པར་སྐྱོན་བརྗོད་ཆེན་པོ་འབྱུང་བཞིན་ཡོད་པ་ལྟར། རྒྱལ་ཁབ་དེའི་ཨག་ལན་ཌ་འཕྲུལ་རིག་གཙུག་ལག་སློབ་གཉེར་ཁང་ནས་ཟླ་༦ པའི་ནང་། རྒྱ་ནག་གཞུང་གི་ལས་བྱེད་ཀྱི་རེ་སྐུལ་ལ་བརྟེན་ནས། གནམ་སྡེ་སྒོ་མོར་དྲག་གནོན་གྱི་དུས་དྲན་ལས་རིམ་ཞིག་ཕྱིར་འཐེན་བྱས་ཡོད་འདུག དེ་བཞིན་ལོ་སྔོན་མར་ཨག་ལན་ཌ་གཙུག་ལག་སློབ་གཉེར་ཁང་གིས། རྒྱ་ནག་གིས་ཁུང་ཙེ་ལྟེ་གནས་ཁང་ལ་འགྲོ་སོང་བཏང་ནས་རྒྱ་ནག་གི་རྣམ་པ་གསར་པ་སྟོན་ཐབས་དང་ཤུགས་རྐྱེན་འཕེལ་རྒྱས་གཏོང་ཐབས་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཁུང་ཙེའི་མིང་ཐོག་ནས་ཞེས་པའི་གློག་བརྙན་སྟོན་རྒྱུའི་འཆར་གཞི་གསུམ་ཕྱིར་འཐེན་བྱས་འདུག 

དེ་བཞིན་ཟླ་༧ པའི་ཚེས་༢༤ ཉིན་ཨོ་སི་ཀྲོ་ལི་ཡར་ཁུན་སི་ལན་ཌ་གཙུག་ལག་སློབ་གཉེར་ཁང་དུ། ཧོང་ཀོང་གི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་ཧོང་ཀོང་སློབ་མ་དང་། རྒྱ་ནག་སྐམ་ས་ཆེན་མོ་ནས་ཡིན་པའི་སློབ་མ་བར་ལས་འགུལ་ཞིག་གི་སྐབས་སུ་གདོང་ཐུག་བྱུང་ནས་ཉེན་རྟོག་པ་༤༠ ལྷག་སླེབས་ནས་བར་འདུམ་བྱེད་དགོས་ཁེལ་འདུག

དེ་ཡང་ལས་འགུལ་སྐབས་སུ་ཧོང་ཀོང་གི་སློབ་མ་ཚོས་ཧོང་ཀོང་ནང་གི་ལས་འགུལ་བ་ཚོར་རྒྱབ་སྐྱོར་དང་། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྣམས་ཁྲིམས་འགལ་ཐོག་ནས་གང་བྱུང་བཀག་ཉར་བྱེད་བཞིན་པར་སྐྱོན་བརྗོད་ཀྱི་ལས་འགུལ་སྤེལ་སྐབས། རྒྱ་ནག་སྐམ་ས་ཆེན་མོའི་སློབ་མ་ཚོས་རྒྱ་ནག་གི་རྒྱལ་གླུ་བཏང་བ་དང་། ཧོང་ཀོང་སློབ་མ་ཚོའི་ལག་ནས་འཕྲེད་དར་འཕྲོག་པ་དང་ཁུ་ཚུར་གཞུས་པ་སོགས་བྱས་ཡོད་འདུག ཁུལ་དེའི་རྒྱ་ནག་དོན་གཅོད་ཁང་གིས་རྒྱ་ནག་ཁ་བྲལ་གཏོང་བའི་སྐད་ཆ་དང་ལས་རིམ་ཚང་མར་ངོ་རྒོལ་ཡོད་སྐོར་དང་། ཧོང་ཀོང་སློབ་མའི་ལས་འགུལ་ལ་ཁ་གཏད་གཅོག་མཁན་སློབ་མ་ཚོའི་རྒྱལ་ཞེན་ལ་བསྔགས་བརྗོད་ཀྱི་བསྒྲགས་གཏམ་སྤེལ་འདུག གནད་དོན་དེ་ལ་བརྟེན་ནས་ཨོ་སི་ཀྲོ་ལི་ཡའི་ཕྱི་འབྲེལ་ལས་ཁུངས་ཀྱི་བློན་ཆེན་གྱིས། རྒྱལ་ཁབ་དེའི་ནང་གི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོས། ཨོ་སི་ཀྲོ་ལི་ཡའི་ནང་དུ་སྲུང་སྐྱོབ་བྱེད་བཞིན་པའི་སྨྲ་བརྗོད་རང་དབང་དང་ཁྲིམས་མཐུན་གྱི་ངོ་རྒོལ་ལས་འགུལ་ལ་གུས་བརྩི་བྱེད་དགོས་ཀྱི་ཡོད་པ་དང་། གལ་ཏེ་ཐོབ་ཐང་དེ་དག་ལ་རྩིས་མེད་བྱས་ཚེ་སེམས་འཁུར་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག 

ཨ་རི་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་མང་པོ་ཞིག་གི་མཐོ་སློབ་ཁང་ཁག་ཏུ། རྒྱ་ནག་ལ་ཁ་གཏད་ཀྱི་ལས་འགུལ་དང་ལས་རིམ་ལ་རྒྱ་ནག་སྐམ་ས་ཆེན་མོའི་སློབ་མ་མང་པོ་ཞིག་གིས་ངོ་རྒོལ་དང་བར་ཆད་གཏོང་བཞིན་ཡོད་པ་དང་། གནོན་ཤུགས་དང་སྡིགས་ར་སོགས་བརྒྱུད་ནས་རྒྱ་ནག་གི་མིང་སྲུང་སྐྱོབ་བྱེད་བཞིན་པའི་གནས་ཚུལ་མང་པོ་ཐོན་ཡོད་པ་རེད། མང་པོ་ཞིག་གིས་སློབ་མ་དེ་ཚོར་རྒྱ་ནག་གཞུང་ཚབ་ཁང་ཁག་གི་བཀོད་མངགས་འོག་ཡོད་པ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༣༤༧ ཀློག་གྲངས།