ད་ལྟའི་ཆར་ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་༢༥ འདུག 

འཛམ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་འོས་བསྡུ་དེ་ཕྱི་ལོ་༢༠༢༠ ལོའི་ཟླ་༡༡ པའི་ནང་ཡིན་པ་ལྟར། ད་ལྟ་ནས་རྒྱལ་ཁབ་དེའི་སྲིད་དོན་ཚོགས་པ་ཆེ་ཤོས་གཉིས་ཀྱི་ཁོངས་ནས། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་སྡུར་ནང་ཞུགས་མཁན་ཐོག་མར་མི་གྲངས་༢༧ གྱིས་གསལ་བསྒྲགས་བྱས་ཀྱང་། རྗེས་སུ་༢ ཕྱིར་ཐེན་གྱིས་ད་ལྟའི་ཆར་༢༥ འདུག 

དེ་ཡང་ཨ་རིའི་ལོ་རྒྱུས་ནང་ད་བར་སྲིད་དོན་ཚོགས་པ་ཞིག་གི་སྲིད་འཛིན་འོས་མིར་འགྲན་ཞུགས་བྱེད་མཁན་མང་ཤོས་དང་རྒྱབ་ལྗོངས་མི་འདྲ་བ་འཛོམས་ཤོས་དེ་ཆགས་ཀྱི་ཡོད། དེ་ཡང་ཕྱི་ལོ་༢༠༡༦ ལོའི་སྲིད་འཛིན་འོས་བསྡུར་སྤྱི་མཐུན་ཚོགས་པའི་འོས་མི་ཌོ་ནལ་ཊོམ་ལ་རྒྱལ་ཁ་ཐོབ་རྗེས། ཨ་རིའི་ནང་ཆབ་སྲིད་དང་དཔལ་འབྱོར་། སྤྱི་ཚོགས་སོགས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ནས། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་མང་པོ་ཞིག་གིས། གལ་ཏེ་ཕྱི་ལོ་༢༠༢༠ ལོར་ཊོམ་ལ་བསྐྱར་དུ་རྒྱལ་ཁ་ཐོབ་ཚེ་ཨ་རིའི་རྒྱལ་ཁབ་ཀྱི་རྣམ་པ་དང་། རིན་ཐང་གི་ལྟ་བར་ལྡོག་ཕྱོགས་ཀྱི་འགྱུར་ལྡོག་ཆེན་པོ་འགྲོ་རྒྱུའི་སེམས་འཚབ་ཀྱིས་ཊོམ་ཕམ་ཉེས་ངེས་པར་དུ་གཏོང་རྒྱུ་ནི་མེད་དུ་མི་རུང་བ་ཡིན་པའི་བསམ་ཚུལ་འཛིན་མཁན་མང་པོ་ཡོད་འདུག 

ད་ལྟའི་ཆར་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་རྣམས་བར་བགྲོ་གླེང་ཐེངས་ཁ་ཤས་བྱས་ཟིན་ཡོད་པ་དང་། ལོ་རྗེས་མའི་ཟླ་༧ པའི་ནང་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་འདེམས་ཐོན་བྱུང་ཐུབ་རྒྱུ་ཡིན་པ་རེད་འདུག དེ་ཡང་བགྲོ་གླེང་དང་དྲ་ཐོག་མི་མང་གི་བསམ་ཚུལ་བསྡུ་ལེན་ཁྲོད་དུ་སྔོན་ཐོན་འགྲན་ཞུགས་པ་༥ ཡི་ཁོངས་སུ་སྲིད་འཛིན་གཞོན་པ་ཟུར་པ་དང་། གྲོས་ཚོགས་གོང་མའི་འཐུས་མི་དང་། མངའ་སྡེའི་སྤྱི་ཁྱབ་དཔོན་སོགས་འདུག 

བང་རིམ་མ་བསྒྲིགས་པའི་ཐོག་ནས་དེ་དག་ནི། ༡) གྲོས་ཚོགས་གོང་མའི་འཐུས་མི་ལོ་ངོ་བཅུ་ཕྲག་བཞི་མ་ཟིན་ཙམ་བྱས་ཡོད་པ་དང་། རྗེས་སུ་ཕྱི་ལོ་༢༠༠༩ ནས་༢༠༡༧ བར་སྲིད་འཛིན་གཞོན་པའི་ལས་ཁུར་བྱས་པའི་རང་ལོ་༧༦ ཡིན་པའི་ཇོ་བྷེ་ཌན་(Joe Biden)། 

༢) ཕ་མ་གཉིས་ནས་གཅིག་རྒྱ་གར་དང་གཅིག་ཇེ་མའི་ཁཱ་ནས་ཡིན་པའི་ལྕམ་ཀཱ་མ་ལ་ཧཱེ་རི་སེ་(Kamala Harris)ནི་ལོ་༥༤ ཡིན་པ་དང་། དེ་སྔོན་ཁེ་ལི་ཧྥོ་ནི་ཡ་མངའ་སྡེའི་ཁྲིམས་རྩོད་དཔོན་བྱེད་མྱོང་ཁར། ཕྱི་ལོ་༢༠༡༧ ནས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བྱེད་བཞིན་པ་རེད་འདུག 

༣) རང་ལོ་༧༧ ཡིན་པའི་གྲོས་ཚོགས་གོང་མའི་འཐུས་མི་བྷེར་ནི་སན་ཌེར་(Bernie Sanders)ནི་ལོ་ངོ་༡༦ རིང་གྲོས་ཚོགས་འོག་མའི་འཐུས་མི་ཡིན་པ་དང་། ཕྱི་ལོ་༢༠༠༦ ལོ་ནས་ད་བར་གྲོས་ཚོགས་གོང་མའི་འཐུས་མི་བྱེད་མུས་རེད། ཁོང་ཕྱི་ལོ་༢༠༡༦ ལོའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་ཞུགས་ཁྲོད་ཨང་རིམ་གཉིས་པ་ཐོབ་ཡོད་པ་རེད། ཁོང་གི་གུ་ཡངས་ཀྱི་ལྟ་བ་དང་ཨ་རིའི་ནང་དབུལ་ཕྱུག་བར་གྱི་ཧེ་བག་མེད་པ་བཟོ་བའི་སྲིད་བྱུས་ཁག་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ་རེད་ལ། ཐེངས་འདིར་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་ཁོང་འདེམས་ཐོན་བྱུང་བའི་རེ་བ་ཆེན་པོ་ཡོད་འདུག 

༤) རང་ལོ་༦༩ ཡིན་པའི་ལྕམ་ཨི་ལི་ཛེ་བྷཌ་ཝ་རན་(Elizabeth Warren) ནི་ཕྱི་ལོ་༢༠༡༣ ལོ་ནས་གྲོས་ཚོགས་གོང་མའི་འཐུས་མི་བྱེད་མུས་ཡིན་པ་དང་། དེ་སྔོན་སྙན་གྲགས་ཆེ་བའི་ཧཱ་ཊར་ཌ་གཙུག་ལག་སློབ་ཁང་གི་སློབ་དཔོན་ཡིན་འདུག 

༥) རང་ལོ་༣༧ ཡིན་པའི་པི་ཊ་བྷུ་ཊི་གྷེག(Pete Buttigieg)ནི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པའི་ཁྲོད་ནས། རང་ཉིད་མཚན་མཐུན་དགའ་རོགས་བྱེད་མཁན་ཡིན་པ་ཡོང་གྲགས་བཟོ་མཁན་དང་པོ་དེ་ཡིན་འདུག་པ་དང་། དེ་སྔོན་གྲོང་ཁྱེར་ཞིག་གི་སྤྱི་ཁྱབ་བྱེད་མྱོང་ཡོད་ཁར། ཚོང་ལས་ཁང་ཞིག་གི་ལམ་སྟོན་པ་བྱེད་མྱོང་འདུག 

ཐེངས་འདིའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པའི་ཁྲོད་དུ་ལས་ཀའི་ཉམས་མྱོང་ཐོག་ནས་བལྟས་ན། གྲོས་ཚོགས་གོང་མའི་འཐུས་མི་༧ དང་གྲོས་ཚོགས་འོག་མའི་འཐུས་མི་༣། སྲིད་འཛོན་གཞོན་པ་ཟུར་པ་༡  གྲོང་ཁྱེར་སྤྱི་ཁྱབ་༣། མངའ་སྡེའི་སྤྱི་ཁྱབ་དཔོན་༢། གྲོས་ཚོགས་འཐུས་མི་ཟུར་པ་ཁག་ཅིག་སོགས་ཡོད་འདུག་པ་དང་། དེ་དག་གི་ཁྲོད་དུ་བུད་མེད་༦ དང་གྲངས་ཉུང་མི་རིགས་༦ མཚན་མཐུན་དགའ་རོགས་བྱེད་མཁན་༡ བཅས་ཡོད་འདུག་པས། ད་བར་འོས་འགྲན་པའི་ཁྲོད་དུ་རྒྱབ་ལྗོངས་དང་མི་རིགས་སོགས་སྣ་མང་འཛོམས་ཤོས་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༡༡༥༥ ཀློག་གྲངས།