ཞབས་འདྲེན་ངོ་མ་གང་ཡིན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༦༢  ཕྱི་ལོ་ ༢༠༡༩/༧ /༣༡

ཉེ་ཆར་སྦེལ་རྗམ་དུ་བོད་མི་ན་གཞོན་ར་བཟི་བ་ཁག་ཅིག་རྒྱག་རེས་ཤོར་བ་དང་། དེ་ལས་ཀྱང་ཐབས་སྐྱོ་བ་ཞིག་ལ་ན་གཞོན་གཅིག་ལ་ན་གཞོན་མང་པོས་རུབ་རྡུང་བྱས་པ་སོགས་ལ་བོད་ཕྱི་ནང་གཉིས་ནས་ཁ་རྡུང་གཏོང་མཁན་མང་པོ་བྱུང་སོང་ལ། དེ་ནི་བོད་པའི་ཡ་རབས་བཟང་སྤྱོད་དང་འགལ་བའི་ལས་ཀ་ཞིག་ཡིན་པའི་སྐོར་ཡང་མང་པོས་བརྗོད་སོང་། གོ་སྐབས་དེ་དང་བསྟུན་ནས་ནམ་རྒྱུན་སྤྱི་ཚོགས་ནང་གང་བྱུང་ཤོད་མཁན་ཁག་ཅིག་གིས་ཀྱང་སྤྱི་ཚོགས་དཀྲུག་རྒྱུའི་འབད་བརྩོན་བསྟུན་མར་བྱས་སོང་། རྩ་བའི་བོད་མི་ན་གཞོན་དག་གིས་ཆང་རག་འཐུང་པ་དང་ར་བཟི་བྱེད་པ་ནི། མི་འོས་པ་ཞིག་ཡིན་པ་མ་ཟད། ཐབས་སྐྱོ་བོ་ཞིག་ཀྱང་ཡིན་མོད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དེ་ལས་ཀྱང་ཐབས་སྐྱོ་བའི་བྱ་སྤྱོད་མང་པོ་ཞིག་ད་ལྟའི་ཆར་གཅིག་རྗེས་གཉིས་མཐུད་དུ་མཐོང་རྒྱུ་ཡོད། ན་གཞོན་ར་བཟི་དག་འཁྲུག་འཛིང་ཤོར་བ་ནི། ཕྱོགས་གཅིག་ནས་རྒྱུན་ལྡན་ལྟ་བུ་ཞིག་ཏུ་ངོས་འཛིན་བྱས་ཀྱང་མི་ཆོག་པ་མེད་ལ། ཕན་ཚུད་གསོད་རེས་གཏོང་བའི་ལག་ཆ་གང་ཡང་བེད་སྤྱོད་བྱས་མེད་པར་ལག་འཛིང་ཙམ་རེད། 

གནད་དོན་དེ་ལ་བཀའ་ཤག་ནས་ཀྱང་ཐུགས་སྣང་ཆེན་པོའི་ཐོག་ནས་བཀའ་རྩད་གནང་ཡོད་འདུག་པ་ས་གནས་དེའི་འབྲེལ་ཡོད་རྒྱུན་ལས་ཚོའི་ཚོགས་འདུའི་སྐབས་ཕྱིར་བསྒྲགས་བྱས་སོང་། སྤྱིར་སྤྱི་ཚོགས་ཀྱི་གནས་སྟངས་དེ་འདྲའི་རིགས་ལ་ཐུགས་སྣང་གནང་དགོས་པ་གལ་ཆེན་པོ་ཡིན་ནའང་། ནང་ཁུལ་མི་གསོད་ཀྱི་དོན་རྐྱེན་དེ་འདྲ་བྱུང་སྐབས་བཀའ་ཤག་གིས་ཐུགས་སྣང་དང་བཀའ་རྩད་གནང་ཡོད་མེད་ནི་གསལ་པོ་གོ་རྒྱུ་མི་འདུག དཔེར་ན་དྷ་ས་བོད་ཁྱིམ་གྱི་ཁྱབ་ཁོངས་སློབ་གྲྭ་ཞིག་གི་རྒན་བདག་གིས་བོད་ནས་འབྱོར་ཏེ་ཟླ་བ་དྲུག་བདུན་ཙམ་ལས་སོང་མེད་པའི་སློབ་ཕྲུག་ཅིག་ལ་ཉེས་རྡུང་བཏང་ནས་བསད་ཡོད་ནའང་། ཐག་གཅོད་གཞན་དག་ལྟ་ཅི། རྒན་བདག་དེ་སློབ་གྲྭ་ནས་ཕྱིར་འཕུད་ཙམ་ཡང་མ་བཏང་བར་བཞག་ཡོད་པ་ལྟ་བུའི་གནས་ཚུལ་ཡང་ཐོན་མྱོང་བ་རེད། ད་ལྟའི་འཁྲུག་འཛིང་དང་བསྡུར་ན་རྒན་བདག་གིས་སློབ་ཕྲུག་ལ་ཉེས་རྡུང་བཏང་ནས་དམར་གསོད་བཏང་བ་དེ། རྒན་བདག་ཙམ་དུ་མ་ཟད། སློབ་གྲྭ་དང་། ཆེ་ས་ནས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཀྱང་ཞབས་འདྲེན་ཞིག་ཏུ་གྱུར་ཡོད་པ་ནི་སྨྲོས་མི་དགོས་པ་རེད།

གནད་དོན་འདི་ལྟ་བུ་ལ་བསམ་བློ་བཏང་ན། ད་ལྟའི་འཁྲུག་འཛིང་འདི་ནི་ན་གཞོན་ར་བཟིའི་བར་གྱི་འཁྲུག་འཛིང་ཙམ་ལས་གནད་དོན་ཆེན་པོ་དེ་ཙམ་མ་ཡིན་པར། གོང་དུ་དྲངས་པའི་དཔེ་མཚོན་དེ་ནི་ལྡབ་ཁ་ཤས་ཀྱིས་ཛ་དྲག་པར་ངོས་འཛིན་བྱེད་དགོས། དེར་བརྟེན་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་ཁྱབ་བརྡལ་ག་ཚོད་སོང་བ་དེའི་ཚོད་ཀྱིས་དོ་སྣང་མང་བ་གནང་དགོས་པ་དང་། སྤྱི་ཚོགས་ནང་དེ་ཙམ་ཤེས་རྟོགས་མ་བྱུང་ན། རྒན་བདག་གིས་སློབ་ཕྲུག་བརྡུངས་ནས་བསད་པ། སློབ་གྲྭའི་ཕ་ཚབ་ཀྱིས་ཁྱིམ་ཚང་བུ་མོ་ལ་བཙན་གཡེམ་བྱས་པ། སློབ་གྲྭའི་དགེ་རྒན་གྱིས་སློབ་ཕྲུག་བུ་མོ་ལ་ཚུལ་མིན་བྱས་པ་སོགས་ལ། ཐུགས་སྣང་གིས་ཚད་ཀྱིས་མ་འདང་པ་ལྟ་བུ་བྱུང་ཡོད་ན་ནི། དོན་གྱིས་ཞབས་འདྲེན་དང་བློ་ཕམ་དགོས་པའི་གནས་ཚུལ་ཞིག་ཏུ་གྱུར་ཡོད། འདས་པ་ནི་འདས་ཟིན་པས་ཕྱིར་ལོག་བྱེད་ཐབས་མེད་ཀྱང་། མ་འོངས་པར་གནད་དོན་འདི་ལྟ་བུའི་རིགས་སྤྱི་ཚོགས་ནང་གཏན་ནས་མི་ཐོན་པའི་དམ་དྲག་དང་འབད་བརྩོན་གནང་མ་ཐུབ་ན། ད་ལྟའི་གནས་ཚུལ་འདི་ལས་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་པས། འདི་དག་ནི་ཞབས་འདྲེན་ནང་ནས་ཆེ་ཤོས་སུ་འགྱུར་ངེས་རེད། 

ད་ལྟའི་གནས་ཚུལ་འདི་ལ་སྤྱི་ཚོགས་དྲ་རྒྱའི་ནང་གི་དྲ་འབུ་མིང་རྫུན་ཅན་དག་གིས་སྒྲོ་འདོགས་མང་པོ་བྱས་ཡོད་ཀྱང་། དེ་དག་ལ་ཡ་ལན་ག་ཚོད་བྱས་པ་དེའི་ཚོད་ཀྱིས་དཀྲུག་རྐྱེན་མང་བ་སློང་བ་དང་། རྩོད་གཞི་སློང་བའི་སྐད་ཆ་དག་ལ་གཞན་གྱིས་ཡ་ལན་དང་དོ་སྣང་གཏན་ནས་མ་བྱས་ན། རིམ་པས་དཀྲོག་གཏམ་དང་དཀྲུག་ཤིང་རིགས་སྤེལ་ཡུལ་མེད་པར་འགྱུར་ངེས་རེད། དེའི་རིགས་ལ་ག་ཚོད་ཀྱིས་དོ་སྣང་བྱས་ན་དེའི་ཚོད་ཀྱི་གོ་སྐབས་མང་བ་རག་པ་དང་། གལ་སྲིད་རྒྱ་དམར་གཞུང་སོགས་ཕ་རོལ་པོའི་ཁེ་ཕན་ཟ་མཁན་ཞིག་ཡིན་པའི་དབང་དུ་བཏང་ན། སྤྱི་ཚོགས་ཀྱིས་དོ་སྣང་ག་ཚོད་མང་བ་བྱས་པ་དེའི་ཚོད་ཀྱིས་ཁེ་ཕན་ཡང་མང་དུ་འགྲོ་གི་ཡོད་པ་ནི་སྨྲོས་མི་དགོས་པ་རེད། དེར་བརྟེན་དྲ་འབུ་དཀྲུག་ཤིང་སློང་མཁན་གྱི་རིགས་ལ་ཁ་གཏད་གཅོག་ཐབས་ནི་ཡ་མེད་གཏོང་རྒྱུ་དེ་ཁོ་ན་ཡིན་པ་ལས། དེ་ལ་ཁ་གཏད་གཅོག་པ་དང་དོ་སྣང་བྱེད་པ་སོགས་ནི་དྲ་འབུའི་རིགས་རྒྱུན་རིང་དུ་གནས་ཐབས་དང་། གོ་སྐབས་དང་ཁེ་ཕན་གང་མང་བསྐྲུན་པ་དང་གཅིག་མཚུངས་སུ་གྱུར་ཡོད་པས་དེ་དག་ལ་དོ་སྣང་བྱེད་པའི་རིན་ཐང་ཏིལ་འབྲུ་ཙམ་ཡང་མེད། 

མདོར་ན་བཙན་བྱོལ་སྤྱི་ཚོགས་ནང་རྒྱག་རེས་བརྒྱབ་སྟེ་ཞབས་འདྲེན་བྱེད་པ་ལས། དྲ་རྒྱ་ཁག་ཏུ་ཁ་དམག་རྒྱག་པ་དང་། དཀྲོག་གཏམ་བཤད་པ་དེ་ཛ་དྲག་པ་ཡིན་པས་དེའི་ཐོག་ལ་ཚང་མས་གཟབ་དགོས་པ་གལ་ཆེན་པོར་གྱུར་ཡོད། འོན་ཀྱང་དྲ་འབུ་དཀྲོག་གཏམ་བཤད་མཁན་རྣམས་ལ་ཁ་གཏད་གཅོག་ཐབས་ཡག་ཤོས་ནི། གོང་དུ་བརྗོད་པ་བཞིན་ཡ་མེད་གཏོང་རྐྱང་བྱས་ན། ཁོང་ཚོའི་དཀྲོག་གཏམ་ལ་ཤུགས་རྐྱེན་དང་ནུས་པ་གང་ཡང་མེད། གཞན་རྒྱབ་སྐྱོར་གྱི་རྣམ་འགྱུར་དང་། ཁ་གཏད་ཀྱི་རྣམ་འགྱུར་སོགས་ག་འདྲ་ཞིག་བསྟན་ཡང་། ཁ་གཏད་གཅོག་ཡུལ་ལ་ཁ་གཏད་དུ་མི་འགྱུར་བ་མ་ཟད་ཕན་ཐོགས་ཡོད་ལ། རྒྱབ་སྐྱོར་བྱེད་ཡུལ་ལ་རྒྱབ་སྐྱོར་དུ་མི་འགྱུར་བ་མ་ཟད་གནོན་སྐྱོན་ཡང་ཡོད་པ་ནི་སྤྱི་འགྲོས་ཙམ་དུ་གྱུར་ཟིན། བོད་པའི་སྤྱི་ཚོགས་ནང་འཁྲུག་འཛིང་རིགས་ཡོང་མི་འོས་པ་དང་། དེ་ནི་དུས་ནམ་ཡང་དགོས་མཁོ་མེད་པ་ཞིག་ཡིན་ཡང་། སློབ་གྲྭ་ཁག་སོགས་སུ་བྱུང་བའི་གནད་དོན་དང་། དོལ་རྒྱལ་ཁ་འཁྱེར་བ་དག་གིས་དགྲ་བོ་རྒྱ་དཔོན་དགའ་བསུ་བྱེད་སྟངས་སོགས་ནི་དེ་ལས་སྡུག་པའི་ཞབས་འདྲེན་ཡིན་པ་གཞུང་སྒེར་ཚང་མས་ངོས་འཛིན་དགོས།།

Share this:
༡༠༡༡ ཀློག་གྲངས།