སྲིད་འཛིན་ཊོམ་གྱིས་རྒྱ་ནག་གི་ཚོང་རྫས་ལ་སྒོ་ཁྲལ་འཕར་མ་སྣོན་རྒྱུའི་འཇིགས་སྐུལ།

ཟླ་༨ ཚེས་༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་ཊོམ་གྱིས་ཟླ་རྗེས་མའི་ཚེས་༡ ནས་བཟུང་སྔར་སྒོ་ཁྲལ་གྱི་ཁོངས་སུ་མེད་པའི་ཨ་སྒོར་ཐེར་འབུམ་༣༠༠ ཡི་རྒྱ་ནག་གི་ཚོང་རྫས་ལ་བརྒྱ་ཆ་བཅུའི་སྒོ་ཁྲལ་འཇོག་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཏེ་རྒྱ་ནག་ལ་གནོན་ཤུགས་འཕར་མ་བྱིན་པ་དང་།  དེས་གོ་ལའི་དཔལ་འབྱོར་ཁྲོམ་ར་སླར་ཡང་གཡོ་འགུལ་བཏང་ཡོད་འདུག 

རེས་གཟའ་ཕུར་བུའི་ཉིན་བསྒྲགས་པའི་སྒོ་ཁྲལ་དེའི་ནང་རྒྱ་ནག་ནས་ཨ་རིར་ནང་འདྲེན་བགྱིས་པའི་ཚོང་རྫས་ཕལ་ཆེ་བ་འདུས་ཡོད་པ་དང་། གློ་བུར་གྱི་བསྒྲགས་གཏམ་དེས་ཨ་རྒྱའི་ཚོང་དམག་བར་སྐབས་རིང་དམག་མཚམས་བཞག་པ་དེ་མཇུག་བསྒྲིལ་ནས་ཡང་བསྐྱར་གཡུལ་འགྱེད་བྱེད་སྲིད་པ་བསྟན་ཡོད་འདུག 

ཊོམ་གྱིས་ད་དུང་གལ་སྲིད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་མགྱོགས་མྱུར་ཚོང་ལས་གྲོས་མཐུན་འཇོག་མ་ཐུབ་པ་ཡིན་ན། སྒོ་ཁྲལ་མུ་མཐུད་སྤར་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་པ་དང་། ཁོང་གིས་“ངས་བལྟས་ན། སྲིད་འཛིན་ཞི་ཅིན་ཕིང་ལ་གྲོས་མཐུན་ཞིག་འཇོག་འདོད་ཡོད་རྒྱུ་རེད་བསམས། ཡིན་ན་ཡང་། དྲང་པོ་བཤད་ན། ཁོང་གིས་མགྱོགས་མྱུར་བྱེད་ཀྱི་མི་འདུག་”ཅེས་བཤད་ཡོད་འདུག 

གལ་སྲིད་ཊོམ་གྱིས་སྒོ་ཁྲལ་གསར་པ་དེ་དངོས་སུ་ལག་བསྟར་བྱས་པ་ཡིན་ན། ཨ་རིའི་འཛད་སྤྱོད་པ་རྣམས་(consumers) ལ་ཤུགས་རྐྱེན་ཐེབས་སྲིད་འདུག་སྟེ། ཁོང་གིས་དེ་སྔོན་བཞག་པའི་སྒོ་ཁྲལ་དེ་གཙོ་བོ་བཟོ་ལས་ལ་དམིགས་ནས་མི་མང་དཀྱུས་མ་ཚོར་ཤུགས་རྐྱེན་གང་ཆུང་ཆུང་ཐེབས་པ་བཟོས་ཡོད་པ་དང་། ད་ཐེངས་ཀྱི་སྒོ་ཁྲལ་གསར་པ་དེའི་ནང་ལག་ཐོགས་ཁ་པར་ནས་དར་གྱི་སྐེ་དཀྲིས་བར་གྱི་མི་མང་དཀྱུས་མའི་ཉེར་མཁོའི་ཡོ་བྱད་རྣམས་འདུས་ཡོད་འདུག 

སྲིད་འཛིན་གྱི་བསྒྲགས་གཏམ་དེས་མི་རྣམས་ཧ་ལས་སུ་བཅུག་འདུག་པ་དང་། རྒྱུ་མཚན་ནི་བདུན་ཕྲག་འདིའི་རེས་གཟའ་ལྷག་པ་རང་ལ་ཨ་རྒྱའི་ཚོང་ལས་གྲོས་མོལ་ཐེངས་༡༢ པ་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་རུ་འཚོགས་ཏེ་ཕྱོགས་གཉིས་ཀས་“བཟང་ཕྱོགས”ཀྱི་གྲོས་མོལ་བྱུང་སྐོར་ལབ་ཡོད། རེས་གཟའ་ལྷག་པའི་གྲོས་མོལ་དེར་མཐོང་གསལ་གྱི་གྲོས་མཐུན་གང་ཡང་བྱུང་མེད་ཀྱང་། ཟླ་བའི་རྗེས་མའི་ནང་མུ་མཐུད་ཨ་རིའི་རྒྱལ་ས་ཝ་ཤིན་ཏྲོན་དུ་འཚོགས་གཏན་ཁེལ་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༢༡༢༩ ཀློག་གྲངས།