སོ་ཌི་ཨ་རབ་ཀྱི་བུད་མེད་ཚོར་ཕྱི་རྒྱལ་དུ་འགྲུལ་བཞུད་ཀྱི་རང་དབང་ཐོབ་རྒྱུ་ཡིན་འདུག

འཛམ་གླིང་ནང་བུད་མེད་ཀྱི་རང་དབང་ཚད་དམའ་ཤོས་སུ་འཛིན་བཞིན་པའི་སོ་ཌི་ཨ་རབ་ནང་དུ། ཐེངས་དང་པོར་བུད་མེད་རྣམས་སོ་སོའི་ལྟ་སྐྱོང་འགན་ལེན་པ་སྐྱེས་པའི་ཆོག་མཆན་མི་དགོས་པར་རང་དབང་ཐོག་ནས། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲུལ་བཞུད་ཆོག་པ་བཟོ་རྒྱུ་ཡིན་འདུག་པ་དང་། དེ་ལ་དགའ་བསུ་བྱེད་མཁན་མང་པོ་ཡོད་འདུག

ཟླ་༨ པའི་ཚེས་༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འཛམ་གླིང་ནང་རྡོ་སྣུམ་གྱི་ཐོན་ཁུངས་ཆེ་ཤོས་གྲས་སུ་ཡིན་པའི་སོ་ཌི་ཨ་རབ་ནི་རྒྱལ་ཁབ་ཕྱུགས་ཤོས་གྲས་ཤིག་ཡིན་པ་དང་། འཛམ་གླིང་ཆབ་སྲིད་ནང་རྒྱལ་ཁབ་དེའི་དཔལ་འབྱོར་སྟོབས་ཤུགས་ལ་བརྟེན་ནས། ཨ་རི་དང་རྒྱ་ནག རྒྱ་གར་སོགས་ཀྱིས་སོ་ཌི་ཨ་རབ་དང་འབྲེལ་ལམ་ཡག་པོ་ཉར་རྒྱུ་གལ་ཆེན་འཛིན་བཞིན་ཡོད་པས། རྒྱལ་ཁབ་དེའི་ནང་སྲོག་ཐོག་ཁྲིམས་གཅོད་དང་བུད་མེད་ཀྱི་ཐོབ་ཐང་ཚད་དམའ་བོ་སོགས་ལ་སྐྱོན་བརྗོད་ཐད་ཀར་བྱེད་མཁན་ཉུང་ཉུང་ཡིན་པ་རེད་དེ། ཉེ་བའི་ལོ་ཤས་ནས་རྒྱལ་ཁབ་དེའི་ཁྲི་འདོན་རྒྱལ་སྲས་བྷེན་སཱལ་མན་ནས། བུད་མེད་ཀྱི་ཐོབ་ཐང་གཙོས་པའི་རྙིང་ཞེན་གྱི་ཁྲིམས་མང་པོ་ཞིག་དུས་དང་བསྟུན་ནས་འགྱུར་བ་གཏོང་རྒྱུའི་འཆར་གཞི་གསལ་བསྒྲགས་བྱས་ཡོད་པ་ལྟར། ལོ་སྔོན་མར་ཐེངས་དང་པོར་སོ་ཌི་ཨ་རབ་ཀྱི་བུད་མེད་རྣམས་རླངས་འཁོར་རིགས་གཏོང་ཆོག་པའི་ཁྲིམས་བཟོས་ནས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད། ཐེངས་འདིར་སོ་ཌི་ཨ་རབ་གཞུང་ནས། དེ་སྔོན་བུད་མེད་རྣམས་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲུལ་བཞུད་བྱེད་དགོས་ཚེ། བུད་མེད་དེ་དག་ལ་སོ་སོའི་ཁྱོ་གའམ་ཕ། ཡང་ན་སྤུན་མཆེད་བུ་སོགས་ལྟ་སྐྱོང་དང་འགན་ལེན་བྱེད་པོ་སྐྱེས་པའི་ཆོག་མཆན་དགོས་ཀྱི་ཡོད་པས། ཁྲིམས་དེ་མེད་པ་བཟོས་ནས། བུད་མེད་རྣམས་ཕྱིའི་རྒྱལ་ཁབ་ཁག་ཏུ་རང་དབང་ཐོག་ནས་འགྲུལ་བཞུད་བྱེད་རྒྱུ་ཡོད་པའི་ཁྲིམས་གསར་བཟོ་རྒྱུའི་གསལ་བསྒྲགས་བྱས་འདུག་པས། དྲ་ལམ་ཁག་ཏུ་ཐག་གཅོད་དེར་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་འདུག

ཁྲིམས་གསར་དེ་ག་དུས་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་གསལ་བསྒྲགས་བྱས་མེད་འདུག་ཀྱང་། ཁྲིམས་དེ་ལ་བརྟེན་ནས་དེ་སྔོན་དང་མི་འདྲ་བར། བུད་མེད་རྣམས་ཀྱིས་ཐེངས་དང་པོར་ཕྲུ་གུ་བཙལ་བ་དང་། ཆང་ས། བཟའ་ཚང་ཁ་འཐོར་སོགས་གཞུང་འབྲེལ་ཐོག་ནས་དེབ་སྐྱེལ་བྱེད་ཆོག་པ་ཆགས་རྒྱུ་ཡིན་པ་མ་ཟད། ཕྲུ་གུ་ལོ་ཆུང་རྣམས་ཀྱི་ལྟ་སྐྱོང་འགན་ལེན་བྱེད་པོར་ངོས་འཛིན་བྱེད་ཆོག་གི་ཡོད་འདུག སྔོན་མ་ཡིན་ན་བཟའ་འཐོར་སོང་སྐབས་ཕྲུ་གུའི་ལྟ་སྐྱོང་འགན་ལེན་བྱེད་པོའི་ཐོབ་ཐང་དེ་ཁྱོ་ག་ལ་ཡོད་པ་ངེས་གཏན་ཡིན་འདུག དྲ་ཐོག་ཏུ་ཁྲིམས་གསར་དེར་དགའ་བསུ་དང་སྦྲགས་ནས། བུད་མེད་རྣམས་ཆང་ས་རྒྱག་པར་ལྟ་སྐྱོང་དང་འགན་ལེན་བྱེད་པོ་སྐྱེས་པ་ཡི་ཆོག་མཆན་དགོས་པའི་ཁྲིམས་དེ་མེད་པ་བཟོ་བའི་དགོས་འདུན་བཏོན་མཁན་མང་པོ་ཡོད་འདུག

དཔྱད་བརྗོད་པ་ཁག་ཅིག་གིས་སོ་ཌི་ཨ་རབ་ཀྱིས་སྐྱེས་པ་རྣམས་བུད་མེད་ལ་ལྟ་སྐྱོང་དང་འགན་ལེན་བྱེད་པོ་ཡིན་པའི་ཁྲིམས་ཀྱི་ལམ་ལུགས་དང་བསམ་བློ་དེ་རྩ་མེད་མ་བཟོས་ཚེ། བུད་མེད་རྣམས་མུ་མཐུད་ནས་སྤྱི་ཚོགས་ནང་དུ་རང་དབང་ཐོག་ནས་གོམས་པ་སྤོ་རྒྱུར་དཀའ་ངལ་འཕྲད་རྒྱུ་ཡིན་པས། དེ་རྩ་མེད་བཟོ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་བཞིན་འདུག

སོ་ཌི་ཨ་རབ་ཀྱི་ཁྲི་འདོན་རྒྱལ་སྲས་བྷེན་སལ་མན་གྱིས་གུ་ཡངས་དང་ཡར་ཐོན་གྱི་རྣམ་པའི་ཐོག་ནས། རྒྱལ་ཁབ་དེའི་རྙིང་ཞེན་གྱི་ཁྲིམས་མང་པོ་ཞིག་ལ་ལེགས་བཅོས་བྱེད་དང་བྱེད་བཞིན་ཡོད་པས། རྒྱལ་སྤྱིའི་ནང་ཁོ་ནི་གུ་ཡངས་དང་ཡར་ཐོན་གྱི་འགོ་ཁྲིད་གཅིག་ཡིན་པའི་རྣམ་པ་ཁྱབ་སྤེལ་སོང་ཡོད་པ་རེད་དེ། ལོ་སྔོན་མར་སོ་ཌི་ཨ་རབ་ཀྱི་གཞུང་དང་ཁྲི་འདོན་རྒྱལ་སྲས་ལ་སྐྱོན་བརྗོད་བྱེད་མཁན་སོ་ཌི་ཨ་རབ་ཀྱི་མི་སེར་ཡིན་ཁར། ཨ་རིའི་གསར་ཁང་ཞིག་གི་གསར་འགོད་པའི་ལས་ཀ་བྱེད་མཁན་ཞིག་དམར་གསོད་བཏང་བའི་དོན་རྐྱེན་དང་འབྲེལ་ནས། ཨ་རིའི་གསང་བའི་ལས་ཁུངས་སོགས་ཀྱིས་དམར་གསོད་དེ་རྒྱལ་སྲས་ཀྱིས་བཀའ་བཏང་བ་ཡིན་སྐོར་བརྗོད་པ་སོགས་ལ་བརྟེན་ནས། ཁོང་གི་རྣམ་པར་ལྡོག་ཕྱོགས་ཀྱི་འགྱུར་བ་ཕྱིན་ཡོད་ཁར། ཨ་རི་དང་དབྱིན་ཡུལ་སོགས་ཀྱི་ནང་དུ་སོ་ཌི་ཨ་རབ་དང་འབྲེལ་ལམ་འཇོག་སྟངས་ཐད་བསྐྱར་ཞིབ་བྱེད་དགོས་པའི་དགོས་འདུན་བཏོན་མཁན་གནད་ཡོད་མི་སྣ་མང་པོ་བྱུང་ཡོད་ཀྱང་། སོ་ཌི་ཨ་རབ་ཀྱི་དཔལ་འབྱོར་སྟོབས་ཤུགས་ལ་བརྟེན་ནས་ཤུགས་རྐྱེན་ཐེབས་པའི་འགྱུར་བ་གང་ཡང་བྱུང་མེད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༤༢༥ ཀློག་གྲངས།