ཁ་མཆུ་ཨང་༢༠པའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་བུ་ལོན་ཡིན་མིན་སྐོར་གྱི་རྩོད་གླེང་།

ཟླ་འདིའི་ཚེས་༢ ཉིན་དྷ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་༢༠ པ་གྱོད་གཞི་མ་ཉེས་ཁག་གཡོགས་ཀྱི་ཞིབ་གཅོད་ཉན་ཞིབ་ཐེངས་ལྔ་པ་འཚོགས་པ་དང་། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་བུ་ལོན་ཡིན་པ་རྩིས་ཁྲ་ནང་འཁོད་དགོས་སྐོར་རྩིས་ཞིབ་པར་ཞུ་སྦྱོར་བས་ནན་བརྗོད་བྱས་ཡོད་མེད་སྐོར་གསལ་བཤད་ཆེད་དཔང་པོ་ཁྲིམས་ཁང་དུ་ཡོང་ཡོད་པ་རེད།
ཁྲིམས་རར་ཁྲིམས་ཞིབ་པ་གསུམ་དབུ་བཞུགས་ཐོག ཞུ་སྦྱོར་བ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་དང་། ཁོང་གི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད། ཁ་གཏད་རྩོད་ལན་པ་བཀའ་ཤག་སྲིད་སྐྱོང་བློ་བཟང་སེང་གེ་བརྒྱུད་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་དང་། རྩོད་ལན་པའི་ངོ་ཚབ་ནང་སྲིད་བཀའ་བློན་བསོད་ནམས་སྟོབས་རྒྱལ། ངོ་ཚབ་བཀའ་ཤག་གི་དྲུང་ལས་བསྟན་འཛིན་ཕུན་ཚོགས་བཅས་བཅར་ཡོད་པ་རེད།

ཉིན་དེའི་རྩོད་གཞི་གཙོ་བོ། ཁ་མཆུའི་ནང་གསེས་དངོས་དོན་དྲུག་བ། ཞུ་སྦྱོར་བའི་ཞུ་རྩ་ ༤་༩ ནང་། བཀའ་ཤག་གི་གསལ་བཤད་དོན་ཚན་བཅུ་ཅན་དེའི་དོན་ཚན་བརྒྱད་བར་བཀོད་བ་ནི་གུས་བར་གཞི་རྩ་མེད་བའི་ཉེས་མེད་ཉེས་འཛུགས་གནང་བ་རང་ཡིན་ཞེས་དང་། ཞུ་རྩ་ ༤་༩༤ ནང་། བོད་ཀྱི་ཐེབས་རྩའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་ཕྱིར་སློག་དགོས་ཀྱི་མེད་ཅེས་སྲིད་སྐྱོང་མཆོག་ནས་གསལ་བཤད་གནང་བྱུང་ཡང་། དོན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར། ད་ལྟའི་ཆར་གན་ཡིག་ནང་དུ་བུ་ལོན་གྱི་ངོ་བོར་གནས་ཡོད་པ་དང་། བོད་ཀྱི་ཐེབས་རྩའི་རྩིས་ཁྲའི་ནང་དང་ལས་བསྡོམས་ནང་ཡོང་བསྡད་གསལ་གྱི་ཡོད་པ་དང་། བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་ལྷན་ལ་བོད་ཀྱི་ཐེབས་རྩ་ནས་བུ་ལོན་ལེན་ཆོག་པའི་བཀའ་འཁྲོལ་ཞུས་འདུག་པས། དོན་ཁང་གི་ཁང་ཁུངས་ཀྱི་བདག་པོ་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་རྩིས་ཁྲའི་ནང་སྤྲོད་བསྡད་གསལ་གྱི་མེད་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས། མ་འོངས་པར་ཁྲིམས་དང་རྩིས་ཀྱི་དཀའ་ངལ་མ་འཕྲད་པའི་ཆེད། བོད་ཀྱི་ཐེབས་རྩས་རྩིས་བསུབ་མ་བཏང་བར་བོད་མིའི་སྤྱི་ཚོགས་ཡར་རྒྱས་དགེ་རྩའི་རྩིས་ཁྲའི་ནང་སྤྲོད་བསྡད་གསལ་དགོས་ཀྱི་མ་རེད་དམ་ཞེས་ཞུས་པ་ལས། རྩིས་ཞིབ་སྙན་ཐོའི་ནང་བཀོད་དགོས་ཀྱི་རེད་ཅེས་ཚིག་ཐག་ཆོད་པོས་རྩ་བ་ནས་ཞུས་མེད་པ་དེའི་དཔང་པོར་དོན་གཅོད་ཁང་གི་ལས་བྱེད་རྣམས་དང་། སྐབས་དེའི་རྩིས་ཞིབ་པ་བཅས་ཡོད་ཅེས་བཀོད་འདུག་པར།། རྩོད་ལན་པའི་ཞུ་ལན་༤་༩ ནང་། བཀའ་ཤག་གི་གསལ་བཤད་དོན་ཚན་བཅུ་ཅན་དེའི་དོན་ཚན་བརྒྱད་པར་གསུངས་པ་ནི་བདེན་པ་ཡིན་ཞེས་དང་། ཞུ་ལན་ ༤་༩་༤ ནང་། ཨ་རིར་ཕེབས་མཁན་རྩིས་ཞིབ་པས་སྐབས་དེར་ཞུ་སྦྱོར་པས་ཁོང་ལ་གང་གསུངས་ཡོད་མེད་ཡིག་ཐོག་ལ་གསར་བོར་འཁོད་ཡོད་པའི་ནང་། ཞུ་རྩའི་ནང་གསལ་ཞུ་སྦྱོར་བའི་གསུང་སྟངས་དང་མི་མཐུན་པ་ཡིན་པ་དང་། དེ་ནི་ཞུ་སྦྱོར་བས་ཁྲིམས་ཞིབ་ཁང་ལ་དབུ་སྐོར་ཞུས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། བོད་ཀྱི་ཐེབས་རྩར་སྤྲད་པའི་ཡིག་ཆ་དེ་ནང་གནས་ཤིག་ཡིན་པ་དང་དེ་ལྟར་དགོས་དབང་གིས་ཕུལ་བ་ཞིག་ཡིན་པ་བོད་ཀྱི་ཐེབས་རྩའི་ངོས་ནས་ཨ་སྒོར་ས་ཡ་༡་༥༠ དེ་ཕྱིར་སློག་དགོས་བའི་བུ་ལོན་ཞིག་ཏུ་ཐོག་མ་ཉིད་ན་ངོས་འཛིན་མེད་པ་དང་། ཨ་སྒོར་ས་ཡ་༡་༥༠ ནི་བུ་ལོན་ཡིན་བའི་ཀུན་སློང་ཙམ་ཡང་མེད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་རྩིས་ཁྲའི་ནང་སྤྲོད་བསྡད་གསལ་དགོས་ཀྱི་ཡོད་པ་མ་རེད་ལ། དེ་སྔ་མ་འོངས་པར་ཁྲིམས་ཀྱི་དཀའ་ངལ་ཡོང་ཉེན་ཡང་མཐོང་མེད་ཅེས་ངོས་ལེན་བྱས་མི་འདུག་པས།

ཀ (ཞུ་སྦྱོར་བས་ཨ་སྒོར་ས་ཡ་ ༡་༥༠) བུ་ལོན་སྤྲོད་བསྡད་ཡིན་བ་བཏོན་དགོས་བ་རྩིས་ཞིབ་བར་ནན་བརྗོད་གནང་ཡོད་ཅེས་པ་རྩོད་ལན་པས་ཁུངས་སྐྱེལ་བྱ་རྒྱུ་དང་། ཁ དངུལ་འབབ་དེ་ཨ་རི་བོད་ཀྱི་ཐེབས་རྩ་ནས་ (དོན་ཁང་ལ་) གནང་སྦྱིན་རོགས་དངུལ་ཡིན་པ་ལས་བུ་ལོན་མིན་ཞེས་པ་རྩོད་ལན་པས་ཁུངས་སྐྱེལ་བྱ་རྒྱུ་དེ་ཡིན་པ་དང་། ཨ་རིའི་དོན་ཁང་དུ་རྩིས་ཞིབ་ཆེད་བསྐྱོད་མཁན་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་པ་བསྟན་འཛིན་ཤེས་ལྡན་སྐབས་དེར་གནས་སྟངས་ག་འདྲ་བྱུང་མིན་སྐོར་གྱི་དཔང་པོར་རྩོད་ལན་པས་འབོད་འགུག་བྱས་ཡོད་པ་རེད། ཁོང་ལ་རྩོད་ལན་པ་དང་ཞུ་སྦྱོར་བ། ཁྲིམས་ཞིབ་པ་བཅས་ནས་གནད་དོན་དེ་དང་འབྲེལ་བའི་འདྲི་རྩད་བྱེད་སྐབས། ཁོང་གིས་སྐབས་དེའི་དོན་གཅོད་ཀྱིས་རྩིས་ཁྲ་ནང་སྤྲོད་བསྡད་སྐོར་འཁོད་ཡོད་མེད་དྲིས་སོང་། ཁོང་གིས་མི་འདུག་ལབ་པ་དང་། ཨ་རིའི་བོད་ཀྱི་ཐེབས་རྩར་དངུལ་བུན་ཡོད་སྐོར་གསུངས་པས། དེ་འདྲ་ཡིག་ཆ་གང་དུ་ཡོད་མེད་དྲིས་སྐབས། ཐེབས་རྩར་ཁ་པར་བཏང་ནས་ཡིག་ཆ་དེ་ཁྱེར་ཡོང་བའི་སྐོར་དང་། དེ་རྗེས་བསྐྱར་དུ་རྩིས་ཁྲ་ནང་འཁོད་དགོས་སྐོར་གང་ཡང་བརྗོད་མེད་སྐོར་འགྲེལ་བརྗོད་བྱས་པ་དང་། ཕྱོགས་ཚང་མའི་དྲི་བ་མང་པོ་ཞིག་གི་ལན་དུ་དེ་འདྲ་བཤད་ཡོད་མེད་དྲན་གྱི་མི་འདུག་ཅེས་ལན་འདེབས་ཁོ་ན་བྱས་སོང་།

རྩོད་ལན་པའི་ཁྲིམས་རྩོད་པས། སྐབས་དེའི་དོན་གཅོད་ཀྱིས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་བུ་ལོན་གྱི་ངོ་བོར་ཨ་རིའི་བོད་ཀྱི་ཐེབས་རྩའི་ཡིག་ཆ་ནང་འཁོད་ཡོད་པ་སྐུ་ཚབ་དོན་གཅོད་ཚང་མའི་ཚོགས་འདུའི་ཐོག་གླེང་སློང་བྱས་ནས། སྲིད་སྐྱོང་གིས་བུ་ལོན་མིན་པ་གསལ་བཤད་བྱས་པ་དང་། སྲིད་སྐྱོང་དང་དོན་གཅོད་གཉིས་ཟུར་དུ་ཐུག་དུས་ཀྱང་གསལ་བཤད་བྱས་ཡོད་ནའང་། བསྐྱར་དུ་རྩིས་ཞིབ་པར་ཡང་དེ་ལྟར་བཤད་པ་ནི་ནན་བརྗོད་ཡིན་པ་མ་ཟད། ཁོང་གིས་དེ་གལ་ཆེན་དོན་དུ་བརྩིས་ཡོད་པ་དང་། དཀའ་ངལ་འཕྲད་ན་༧གོང་ས་མཆོག་གི་མཚན་གནས་དང་འབྲེལ་བའི་ལས་ཁང་ཡིན་སྐོར་གསུངས་པ་གང་ལ་བལྟས་ཀྱང་། ནན་བརྗོད་བྱས་ཡོད་པ་གསལ་པོ་ཡིན་པའི་རྒྱུ་མཚན་དུ་བགྲངས་ཡོད་པ་རེད།

ཞུ་སྦྱོར་བས། དེ་རྩིས་ཁྲ་ནང་འཁོད་ཐབས་སུ་ནན་བརྗོད་བྱས་པ་ཞིག་མིན་པར། རྩིས་ཞིབ་པར་སྐད་ཆ་དྲིས་པ་དང་། མ་འོངས་པར་ཁྲིམས་ཐོག་ནས་དཀའ་ངལ་མ་འཕྲད་པའི་ལམ་ཁ་འཚོལ་ཆེད་དུ་ཡིན་ཞེས་རྩིས་ཁྲའི་ནང་འཁོད་ཐབས་སུ་ནན་བརྗོད་བྱས་པ་མིན་པའི་རྒྱུ་མཚན་བགྲངས་ཡོད་པ་རེད།

ཨ་སྒོར་དེ་རོགས་དངུལ་ཡིན་པ་ལས་བུ་ལོན་མིན་པ་རྩོད་ལན་པས་ཁུངས་སྐྱེལ་བྱེད་སྐབས། དེ་ནི་བུ་ལོན་མིན་པར་རོགས་དངུལ་ཡིན་པ་དང་། ཧོབ་སྟེ་ཨ་སྒོར་ས་ཡ་གཅིག་དང་ཕྱེད་སྤྲོད་བདེ་མེད་པས། དགོས་མཁོའི་དབང་གིས་བུ་ལོན་གྱི་ངོ་བོར་ཨ་རིའི་ཐེབས་རྩར་ཡིག་ཆ་བཞག་པ་ལས། དོན་དངོས་བུ་ལོན་མིན་པ་མ་ཟད། ༢༠༡༨ ལོའི་ཕྱི་ཟླ་༣ ནང་ཨ་སྒོར་འབུམ་བདུན་དང་ཁྲི་ལྔ་ཨ་རིའི་ཐེབས་རྩའི་རྩིས་ཁྲ་ནས་བསུབ་ཟིན་པ་དང་། ༢༠༢༡ ལོའི་ཕྱི་ཟླ་༡ པོའི་ནས་བུ་ལོན་མིན་པ་ཚང་མ་བསུབ་རྒྱུ་བཟོས་ཟིན་སྐོར། སྤྲོད་བསྡད་ང་རང་ཚོའི་ཡིག་ཆ་ནང་འཁོད་ན་མ་འོངས་པར་ཉེན་ཁ་ཡང་ཆེ་བ་ཡོད་སྐོར་བརྗོད་སོང་།

ཞུ་སྦྱོར་བས། དངུལ་དེ་ཕྱིར་སློག་དགོས་པ་ཞིག་ཡིན་པ་དུས་ནམ་ཡང་ཁོང་གིས་བཤད་མྱོང་མེད་ལ། ད་ལྟ་ཡང་བཤད་ཀྱི་མེད་དེ། ཨ་རིའི་ཐེབས་རྩའི་ཡིག་ཆ་ནང་བུ་ལོན་འཁོད་བསྡད་ཡོད་པ་མ་བསུབ་པར། ཚུར་ཕྱོགས་ཀྱི་རྩིས་ཁྲའི་ནང་དུ་སྤྲོད་བསྡད་འཁོད་མེད་ན། ཨ་རིའི་ཁྲིམས་སྒྲིག་འོག་ནས་དཀའ་ངལ་འཕྲད་རྒྱུ་ཡིན་པ་དང་། དེའི་སྐབས་ལོ་༣༠ རིང་འཁོད་ཡོད་པས། སྐབས་དེར་ད་ལྟའི་འབྲེལ་ཡོད་མི་ཚོ་བསྡད་ཡོད་མེད་ཀྱང་ཤེས་ཀྱི་མེད་པ་རེད། ཁྲིམས་ཐོག་ནས་དཀའ་ངལ་མ་འཕྲད་ཆེད་དུ་ཡིན་སྐོར་འགྲེལ་བརྗོད་བྱས་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༣༣༨༥ ཀློག་གྲངས།