རི་མགོ་སྤྲུལ་སྐུ་རིན་པོ་ཆེར་བརྟན་བཞུགས་ཕུལ་བ།

བོད་ས་ཕག་ཟླ་༦ པའི་ཚེས་༤ ཆོས་འཁོར་དུས་ཆེན་དང་། ཕྱི་ལོ་༢༠༡༩ ཟླ་༨ ཚེས་༤ ཉིན། སྐྱབས་རྗེ་རི་མགོ་སྤྲུལ་སྐུ་བསོད་ནམས་བསྟན་འཛིན་ཪིན་པོ་ཆེར་སྦིར་གཞིས་ཁག་གསུམ་ཁྱབ་ཁོངས་དང་བཅས་པའི་མི་མང་གི་ངོས་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་བ་དང་། ཐུགས་རྗེ་ལེགས་འབུལ་དང་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་ཀྱང་འབུལ་ལམ་ཞུས་སོང་།

 ས་གནས་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། སྦིར་དགེ་སྡེ་གཞིས་ཆགས་དང་། ཅོན་ཏ་ར་ནང་ཆེན་གཞིས་ཆགས། སྦིར་བོད་ཚོགས། ལི་ལི་ཚོགས་པ་བཅས་ཀྱི་ཁྱབ་ཁོངས་མི་མང་གི་ངོས་ནས་རི་མགོ་སྤྲུལ་སྐུ་རིན་པོ་ཆེར་བརྟན་བཞུགས་བསྟར་འབུལ་དང་། བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་བ་དང་། བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་དུ་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་རྣམ་གྲོལ་གླིང་གི་མཁན་ཆེན་རྣམ་གྲོལ་རིན་པོ་ཆེ་གདན་འདྲེན་ཞུས་འདུག་ལ། སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོའི་ཚོགས་གཙོ་སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་ཡང་ཚོགས་དབུ་རུ་ཕེབས་འདུག གཞན་ཡང་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་དང་། སྦིར་ཉེ་འཁོར་དུ་ཡོད་པའི་རིས་མེད་དགོན་སྡེ་ཁག་གི་སྐུ་ཚབ་གང་མང་ཞིག་ཕེབས་ནས་སྐྱབས་རྗེ་རིན་པོ་ཆེ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་སོང་། ལྷག་པར་དུ་སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོའི་རྒྱུན་ལས་ཀྱི་སྐུ་ཚབ་དང་། གདན་ས་ཆེན་པོ་རྣམ་གྲོལ་གླིང་དང་། གདན་ས་ཆེན་པོ་སྨིན་གྲོལ་གླིང་བཅས་ཀྱི་སྐུ་ཚབ་ཆེད་ཕེབས་གནང་ནས་མཎྜལ་སྐུ་གསུང་ཐུགས་རྟེན་སོགས་འབུལ་ལམ་ཞུས་སོང་།

སྐབས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་སྐུ་མགྲོན་གཙོ་བོ་རུ་གདན་འདྲེན་ཞུས་པ་བཞིན་བཀའ་ཤག་གི་ཚབ་ཞུས་ནས་ཕེབས་འདུག བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་སོགས་སྤྱི་འཐུས་ཁག་ཅིག་དང་། སྦིར་གཞིས་ཁག་གསུམ་གྱི་ས་གནས་འགོ་འཛིན་རྣམ་པ། ས་འཐུས་ཚོགས་གཙོ་དང་། རང་བདེན་ཚོགས་གཙོ། ས་གནས་ཀྱི་སློབ་གྲྭ་ཁག་གི་དབུ་འཛིན་དང་སློབ་སྤྱི་སོགས་ས་གནས་ཀྱི་གནད་ཡོད་མི་སྣ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་སྦྱིན་བདག་དང་ཞལ་སློབ་སོགས་སེར་སྐྱ་མི་མང་ཕོན་ཆེན་འདུ་འཛོམས་བྱུང་ཡོད་པ་རེད།

སྔ་དྲོ་ཆོ་ག་དང་འབྲེལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་བ་དང་། བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་སོགས་འབྲེལ་ཡོད་རྣམ་པས་རིམ་པ་བཞིན་མཎྜལ་སྐུ་གསུང་ཐུགས་རྟེན་དང་། འབུལ་མཚོན་བཅས་འདེགས་འབུལ་ཞུས་ཤིང་། སློབ་དཔོན་ཨ་འཕེལ་གྱིས་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་མཎྜལ་བཤད་པ་ཡང་གནང་སོང་། རིན་པོ་ཆེས་སེར་སྐྱ་མི་མང་ཡོངས་ལ་མཇལ་ཁ་ཕྱག་དབང་གནང་རྗེས། བཀྲ་ཤིས་སྨོན་ལམ་གྱི་རྒྱས་འདེབས་དང་བཅས་སྔ་དྲོའི་མཛད་རིམ་ཁག་ལེགས་པར་གྲུབ་སོང་།

ཉིན་གུང་རྗེས་སྔ་འགྱུར་དཔལ་ཡུལ་ཆོས་འཁོར་གླིང་གི་མདུན་ཐང་དུ་སྐུ་མགྲོན་དང་སེར་སྐྱ་མི་མང་ཚང་མ་ཤོང་བའི་དབུ་གུར་ཕུབ་པའི་ནང་དུ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་འཚོགས་སོང་། དེ་ཡང་ཐོག་མ་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྦིར་སྡེ་དགེ་ས་འཐུས་ཚོགས་གཙོ་ཚེ་རིང་རྡོ་རྗེས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གནང་བ་དང་། གོ་སྒྲིག་ཚོགས་པའི་ཚོགས་གཞོན་སྦིར་བོད་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་རྣམ་རྒྱལ་གྱིས་སྐྱབས་རྗེ་རི་སྤྲུལ་བསོད་ནམས་བསྟན་འཛིན་རིན་པོ་ཆེའི་༡༩༦༦ ནས་ད་བར་གྱི་མཛད་རྣམ་སྙིང་བསྡུས་ཞིག་སྒྲོགས་སྦྱང་གནང་སོང་། དེའི་རྗེས་སུ་སྡེ་དགེ་ས་གནས་འགོ་འཛིན་སྲས་འཆི་མེད་རྡོ་རྗེས་བརྟན་བཞུགས་དང་འབྲེལ་བའི་གསུང་བཤད་དང་། བོད་མི་མང་སྤྱི་འཐུས་ཚོགས་ཟུར་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེས་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་དང་འབྲེལ་བའི་གསུང་བཤད་གནང་བ་དང་། སྐུ་མགྲོན་གཙོ་བོ་དཔལ་ལྡན་ནང་སྲིད་བཀའ་བློན་དང་། སྡེ་དགེ་སྲས་འཆི་མེད་རྡོ་རྗེ་རྣམ་གཉིས་ནས་སྐྱབས་རྗེ་རི་སྤྲུལ་བསོད་ནམས་བསྟན་འཛིན་རིན་པོ་ཆེ་ལ་མི་མང་ཡོངས་ཀྱི་ཚབ་ཞུས་ནས་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་ཞིང་། ནང་སྲིད་བཀའ་བློན་གྱིས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚབ་ཞུས་ནས་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་ཤིག་ཀྱང་འབུལ་ལམ་ཞུས་སོང་།

དེའི་རྗེས་སུ་སྐྱབས་རྗེ་རི་སྤྲུལ་བསོད་ནམས་བསྟན་འཛིན་རིན་པོ་ཆེས་བླང་དོར་གྱི་བཀའ་སློབ་དང་། སྐུ་མགྲོན་གཙོ་བོ་དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་གྱིས་གསུང་བཤད་གནང་རྗེས། བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་སྦིར་ལི་ལི་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཤེས་རབ་ཀྱིས་ཐུགས་རྗེ་ཆེ་ཞུས་པ་དང་། རི་མགོ་དགོན་པའི་རྒྱུན་ལས་འཇིགས་མེད་རྣམ་རྒྱལ་གྱིས་རི་མགོ་དགོན་པའི་ཚབ་ཞུས་ནས་འབྲེལ་ཡོད་གོ་སྒྲིག་ཚོགས་ཆུང་དང་། སྐུ་མགྲོན་སེར་སྐྱ་མི་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ནས་མཛད་སྒོ་གྲོལ་སོང་བ་དང་། དེའི་རྗེས་སུ་གཞིས་གྲོང་ཁག་གི་སྲོལ་རྒྱུན་གྱི་གཞས་སྣ་གང་མང་ཞིག་གཟིགས་འབུལ་ཞུས་སོང་། སེར་སྐྱ་མི་མང་ཡོངས་ལ་ཉིན་གུང་དང་དགོང་མོའི་བཞེས་ལག་གོ་སྒྲིག་གནང་འདུག་པ་དང་། གསོལ་ཇ་བཞེས་ཏོག་སོགས་ཀྱང་གོ་སྒྲིག་འཐུས་ཚང་ཞུས་འདུག

རི་མགོ་སྤྲུལ་སྐུ་རིན་པོ་ཆེར་བརྟན་བཞུགས་བསྟར་འབུལ་ཞུ་དགོས་པ་དང་། བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་དགོས་པའི་རྒྱུ་མཚན་གཙོ་བོ། རི་མགོ་སྤྲུལ་སྐུ་རིན་པོ་ཆེས་སྔ་འགྱུར་དཔལ་ཡུལ་ཆོས་འཁོར་གླིང་གི་ཆོས་སྡེ་བསྐྲུན་ནས་སེར་སྐྱ་མི་མང་ཡོངས་ལ་ཆོས་ཕྱོགས་ཀྱི་སྐུ་རིམ་ཞབས་བརྟན་གང་དགོས་བསྒྲུབས་དང་སྒྲུབ་གནང་གི་ཡོད་པ་དང་། གཞིས་གྲོང་ཁག་ཏུ་མི་ཤི་ན་ཚ་སོགས་བྱུང་སྐབས་རིན་པོ་ཆེ་གང་ཉིད་ཀྱང་ཁྱིམ་ཚང་དབུལ་ཕྱུག་དང་། ཉིན་མཚན་དབྱེ་བ་མེད་པར་ག་དུས་གདན་འདྲེན་ཞུས་ཀྱང་ཕེབས་གནང་གི་ཡོད་པ་དང་། སྦིར་གཞིས་ཆགས་གསུམ་ཙམ་དུ་མ་ཟད། བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ཧ་ཅང་མང་པོ་ཞིག་གི་ལོ་ན་རྒན་པ་མང་པོ་ཞིག་ལ་འཚོ་སྣོན་དང་། ན་གཞོན་རྣམས་ལ་སློབ་ཡོན་སོགས་བཙན་བྱོལ་བོད་མི་གྲངས་༢༣༠༠༠ ཙམ་ལ་སྔ་རྗེས་སུ་མཐུན་འགྱུར་མང་པོ་ཞིག་ཡུ་རོབ་ནས་ཡིན་པ་འདས་མ་ཨ་མ་ཝེ་ཀར་དམ་པ་དེ་ཉིད་དང་། རིན་པོ་ཆེ་རྣམ་གཉིས་ཀྱིས་གནང་ཡོད་པས། རིན་པོ་ཆེ་ནི་ཆོས་དང་འཚོ་བ་གང་ཐད་ནས་བཀའ་དྲིན་འགྲན་ཟླ་བྲལ་བ་ཞིག་ཡིན་པར་བརྟེན། བརྟན་བཞུགས་བསྟར་འབུལ་དང་ཐུགས་རྗེ་ལེགས་འབུལ་གྱི་གཟེངས་རྟགས་དེ་ཉིད་ཕུལ་བ་ཞིག་ཡིན་འདུག་པ་དང་། ཕྱི་ཟླ་༨ ཚེས་༢ འཁོད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་ལ་ཞབས་བརྟན་གསོལ་འདེབས་ཤིག་ལྗགས་རྩོམ་མཛད་འདུག་པའི་མཛད་མཇུག་བྱང་དུ།“རིན་པོ་ཆེ་གང་ཉིད་ངོས་རང་གི་ངོ་ཤེས་རྙིང་པ་ལྷག་བསམ་དཀར་ཞིང་དམ་ཚིག་གཙང་མར་བརྟེན་འདི་ལྟ་བུ་ཞིག་འབྲི་འདུན་གྱིས་”ཞེས་སོགས་ཀྱང་གསུངས་ཡོད་པ་རེད། དེ་བཞིན་ཕྱི་ཚེས་༥ ཉིན་སྦིར་གཞིས་ཁག་གསུམ་གྱི་སེར་སྐྱ་མི་མང་ཚང་མས་མཉམ་དུ་ཐུགས་སྤྲོ་ཡང་གཏོང་རྒྱུ་ཡིན་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༨༠༦ ཀློག་གྲངས།