ཧོང་ཀོང་གི་ངོ་རྒོལ་ཤུགས་ཆེ་རུ་ཕྱིན་ནས་འགྲིམ་འགྲུལ་མཚམས་འཇོག

༢༠༡༩ ཟླ་༨ ཚེས་༥ ཉིན། ཧོང་ཀོང་གི་ངོ་རྒོལ་བ་ཚོས་གཟའ་ཟླ་བའི་ཞོགས་པར་ངོ་རྒོལ་ཤུགས་ཆེན་ཞིག་བྱས་པས། གྲོང་ཁྱེར་དེའི་གནམ་གྲུ་༢༠༠ ལྷག་ཕྱིར་འགྱང་དང་། མེ་འཁོར་མཚམས་འཇོག་བྱེད་དགོས་ཁེལ་ཡོད་འདུག 

ཧོང་ཀོང་དུ་ངོ་རྒོལ་བྱེད་འགོ་བརྩམས་ནས་ཟླ་བ་གཉིས་ཙམ་ཕྱིན་པའི་ནང་། ད་ཐེངས་ཀྱི་ངོ་རྒོལ་འདིས་མི་མང་གི་ཉིན་རེའི་འཚོ་བར་གཏོར་སྐྱོན་ཆེ་ཤོས་ཐེབས་ཡོད་འདུག་སྟེ། ལས་མི་རྣམས་ལས་ཁུངས་སུ་འགྲོ་དཀའ་བས། ཨེ་ཤི་ཡའི་དཔལ་འབྱོར་གྱི་ལྟེ་བར་གྱུར་བའི་གྲོང་ཁྱེར་དེའི་ཚོང་དང་ལས་ཀ་སྒོ་རྒྱག་དགོས་ཐུག་འདུག 

ཧོང་ཀོང་མེ་འཁོར་ལས་ཁུངས་ཀྱི་དྲ་བའི་ཐོག་ཏུ་ཞོགས་པའི་འགྲུལ་བཞུད་སྐབས་མེ་འཁོར་གྱི་ལྕགས་ལམ་བདུན་སྒོ་བརྒྱབས་ཡོད་ཚུལ་བཀོད་པ་དང་། དེ་དག་གི་ཁྲོད་དུ་གྲོང་ཁྱེར་སྲིད་གཞུང་དང་ཚོང་ལས་ལྟེ་བར་འགྲོ་བྱེད་ཀྱི་ལྕགས་ལམ་ཡང་འདུས་ཡོད་འདུག  

དེ་བཞིན་དེ་རིང་ཞོགས་པའི་འགྲུལ་བཞུད་སྐབས། མེ་འཁོར་འབབ་ཚུགས་འགའ་ཤས་ན་ཡོད་པའི་ཚོང་ཁང་རྣམས་ཀྱི་ལྕགས་སྒོ་བརྒྱབས་ཡོད་པ་དང་། ཡང་འབབ་ཚུགས་ཁག་ཅིག་ན་སྟོད་ཐུང་ནག་པོ་དང་ཁ་དཀྲིས་གྱོན་པའི་ངོ་རྒོལ་བ་ཚོས་ཆེད་དུ་མེ་འཁོར་གྱི་སྒོ་བཀག་པ་མ་ཟད། འབབ་ཚུགས་གཅིག་ན་མི་ཞིག་མེ་འཁོར་གྱི་སྒོ་མཚམས་སུ་ཉལ་ནས་སྒོ་རྒྱག་ཐབས་བྲལ་བ་བཟོས་ཡོད་འདུག 

ཧོང་ཀོང་གི་གནམ་གྲུའི་ལས་ཁུངས་གཙོ་བོ་སྟེ། ཁེ་ཐ་ཕི་སི་ཧྤི་(Cathay Pacific) ཡིས་ཛ་དྲག་མ་ཡིན་པའི་འགྲུལ་བ་ཚོར་གནམ་གྲུ་སང་ཉིན་བར་ཕར་འགྱང་བྱེད་དགོས་ཚུལ་བཤད་པའི་ཁར། ཧོང་ཀོང་གནམ་ཐང་གི་དྲ་བའི་ངོས་སུ་ཕར་འགྲོའི་གནམ་གྲུ་༡༢༠ དང་། ཚུར་ཡོང་གི་གནམ་གྲུ་༡༠༠ ཕྱིར་འགྱང་བྱས་པའི་གནས་ཚུལ་བཀོད་འདུག 

ཉེ་བའི་བདུན་ཕྲག་གཉིས་རིང་དེ་ཙམ་ཕྱི་ལ་མངོན་རྒྱུ་མེད་པའི་ཧོང་ཀོང་སྤྱི་ཁྱབ་དཔོན་ཁེ་ར་ལམ་གྱིས་དེ་རིང་ཞོགས་པར་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་ནས་ངོ་རྒོལ་བ་ཚོར་ངོ་རྒོལ་གྱི་མཚམས་བཞག་སྟེ་གྲོང་ཁེྱར་གྱི་བརྟན་ལྷིང་སླར་གསོ་བྱེད་དགོས་ཚུལ་བཤད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༡༧༩༧ ཀློག་གྲངས།