ཧེ་རོ་ཤི་མར་རྡུལ་ཕྲན་མཚོན་ཆ་གཡུགས་ནས་ལོ་༧༤ འཁོར་བའི་རྗེས་དྲན། 

ཕྱི་ལོ་༢༠༡༩ ཟླ་༨ ཚེས་༦ ཉིན། ཉི་ཧོང་གི་གྲོང་ཁྱེར་ཧེ་རོ་ཤི་མ་ལ་དམག་ཆེན་གཉིས་པའི་སྐབས་རྡུལ་ཕྲན་མཚོན་ཆ་གཡུགས་ནས་ལོ་ངོ་༧༤ འཁོར་བའི་རྗེས་དྲན་མཛད་སྒོ་འཚོགས་པ་དང་། གྲོང་ཁྱེར་དེ་གའི་སྤྱི་ཁྱབ་དཔོན་གྱིས་དེ་ལྟ་བུའི་འཇིགས་སུ་རུང་བའི་མཚོན་ཆ་རྩ་མེད་བཟོ་བའི་འབོད་སྐུལ་བསྐྱར་ཞུ་དང་། ཉི་ཧོང་གཞུང་ནས་ལས་དོན་དེའི་ཐོག་འབད་བརྩོན་མང་ཙམ་བྱ་དགོས་སྐོར་བརྗོད་ཡོད་འདུག 

དེ་ཡང་གཟའ་མིག་དམར་ཉིན་སྤེལ་བའི་ཞི་བདེའི་བསྒྲགས་གཏམ་ནང་། གྲོང་ཁྱེར་སྤྱི་ཁྱབ་དཔོན་ཁ་ཟོ་མི-མ་རྫོ་(Kazumi Matsui) ཡིས་དེང་སྐབས་འཛམ་གླིང་ནང་སྒེར་སེམས་ཅན་གྱི་ཆབ་སྲིད་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་པར་སེམས་འཚབ་ཡོད་ཚུལ་བརྗོད་པ་དང་། འཛམ་གླིང་གི་འགོ་ཁྲིད་ཚོ་ལ་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་ཡོང་ཆེད་མུ་མཐུད་འབད་བརྩོན་བྱ་དགོས་པའི་རེ་སྐུལ་བྱས་ཡོད་འདུག

ཞི་བདེའི་གཏམ་བཤད་དེའི་ནང་། ཁོང་གིས་“དེ་རིང་ཁ་སང་ང་ཚོས་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་བའི་ལས་གཞི་མཚམས་འཇོག་བྱས་པ་དང་སྦྲགས། འཛམ་གླིང་ཁྱོན་ནས་སྒེར་སེམས་ཅན་གྱི་རྒྱལ་ཞན་རིང་ལུགས་ཤུགས་ཇེ་ཆེ་དང་། རྒྱལ་སྤྱིའི་འགྲན་རྩོད་དང་དབྱེ་འབྱེད་ལ་བརྟེན་ནས་འགལ་བ་ཇེ་ཆེ་འགྲོ་བཞིན་པ་མཐོང་གི་འདུག་”ཅེས་བརྗོད་པ་འདུག 

ཁོང་གིས་དེ་བཞིན་མི་རབས་གཞོན་པ་ཚོ་ལ་དམག་ཆེན་གཉིས་པ་དང་། རྡུལ་ཕྲན་མཚོན་ཆའི་གཏོར་སྐྱོན་དེ་ལོ་རྒྱུས་ཀྱི་དོན་རྐྱེན་ཙམ་དུ་བརྩིས་ནས་མི་སྐྱུར་བར་སོ་སོ་རང་ཉིད་ལ་བྱུང་བ་ལྟར་བྱེད་དགོས་ཞེས་བཤད་པ་དང་འབྲེལ། འཛམ་གླིང་གི་འགོ་ཁྲིད་ཚོ་ལ་རྡུལ་ཕྲན་མཚོན་ཆའི་གནོད་འཚེ་ཐེབས་པའི་གྲོང་ཁྱེར་དག་ལ་གཟིགས་སྐོར་དུ་ཡོང་ནས་ཅི་བྱུང་གི་གནས་ཚུལ་ཤེས་པ་བྱེད་པའི་འབོད་སྐུལ་ཡང་ཞུས་འདུག 

ཨ་རིས་ཕྱི་ལོ་༡༩༤༥ ཟླ་༨ ཚེས་༦ ཉིན་ཧེ་རོ་ཤི་མ་ལ་གཡུགས་པའི་རྡུལ་ཕྲན་འབར་རྫས་དེས་མི་མང་༡༤༠,༠༠༠ བསད་པ་དང་། དེའི་ཉིན་གསུམ་གྱི་རྗེས་སུ་གྲོང་ཁྱེར་ན་གྷ་ས་ཁི་(Nagasaki)ལ་འཕངས་པའི་འབར་རྫས་ཀྱིས་སླར་ཡང་མི་མང་༧༠,༠༠༠ བསད་པས། ཉི་ཧོང་མགོ་བཏགས་ཞུ་ནས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་བ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༡༣༧༢ ཀློག་གྲངས།