ནོ་བྷེལ་རྩོམ་རིག་གཟེངས་རྟགས་བཞེས་མཁན་རྩོམ་པ་པོ་ཐྲོན་ནི-མོ་རེ་སན་སྐུ་གྲོངས།

ཕྱི་ལོ་༢༠༡༩ ཟླ་༨ ཚེས་༧ ཉིན། འདས་པའི་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་ཨ་རིའི་མི་རིགས་ནག་པོའི་ལས་དབང་དང་། དགའ་སྐྱོ་ཆགས་སྡང་གི་འཚོ་བ་བརྩམས་སྒྲུང་བརྒྱུད་དེ་མཚོན་པར་བྱེད་མཁན་གྱི་ཨ་རིའི་རྩོམ་པ་པོ་གྲགས་ཅན་ཐྲོ་ནི-མོ་རེ་སན་(Toni Morrion) དགུང་ལོ་ ༨༨ ཐོག་སྐུ་གྲོངས་པའི་གནས་ཚུལ་ཐོན་འདུག

དེ་ཡང་ཁ་སང་རེས་གཟའ་མིག་དམར་ཉིན་ཁོང་གི་ཤུལ་ལུས་ནང་མི་དང་དཔར་སྐྲུན་ཁང་གིས་བརྗོད་དོན། “ཤིན་ཏུ་བརྩེ་བའི་ཨ་མ་དང་། རྨོ་བོ། སྲུ་མོ་ཁོང་མདང་དགོང་མཚན་མོར་(ཟླ་ ༨ ཚེས་ ༥ ཉིན)ནང་མི་དང་གྲོགས་པོ་དག་གིས་མཐའ་བསྐོར་ནས་ཞི་བའི་ངང་སྐུ་གཤེགས་སོང་། ཁོང་སྐུ་གཤེགས་པ་དེ་ནི་གུན་གསབ་བྲལ་བའི་གྱོང་གུན་ཞིག་ཡིན་ཡང་། ཁོང་ལ་དོན་སྙིང་ལྡན་པའི་སྐུ་ཚེ་རིང་པོ་ཞིག་བྱུང་བར་ང་ཚོས་བཀའ་དྲིན་ཚོར་བཞིན་ཡོད།”

མི་རིགས་ནག་པོའི་བུད་མེད་རྩོམ་པ་པོ་ཁོང་ནི་སྒྲུང་རིང་༡༡ གི་རྩོམ་པ་པོ་ཡིན་ཞིང་། ཕྱི་ལོ་༡༩༧༠ ལོར་ཁོང་གི་ཆེས་ཐོག་མའི་སྒྲུང་རིང་<<Bluest Eye>> ཞེས་པ་དཔར་སྐྲུན་བྱས་རྗེས། ༡༩༩༣ ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་པས། ནོ་བྷེལ་རྩོམ་རིག་གཟེངས་རྟོགས་ཐོབ་པའི་མི་རིགས་ནག་པོའི་རྩོམ་པོ་ཐོག་མ་དེ་ཆགས། ཁོང་གིས་ ༡༩༨༧ ལོར་བརྩམས་པའི་སྒྲུང་རིང་<<Beloved>>ནང་བྲོས་བྱོལ་དུ་ཕྱིན་པའི་བྲན་གཡོག་མ་ཞིག་གི་གཏམ་རྒྱུད་བརྗོད་ཡོད་པ་དང་། སྒྲུང་རིང་དེ་༡༩༩༨ ལོར་གློག་བརྙན་ལ་བསྒྱུར་ནས་འཁྲབ་སྟོན་མཁན་གཙོ་བོ་ཨོ་བྷི་ར-ཝིན་བྷི་རི་(Oprah Winfrey)ཡིས་གནང་།

ཁོང་ལ་ནོ་བྷེལ་རྩོམ་རིག་བྱ་དགའ་འབུལ་སྐབས། ནོ་བྷེལ་རྩོམ་རིག་ཚོགས་ཆུང་གིས་ཁོང་ལ་ཨ་རིའི་དངོས་ཡོད་འཚོ་བའི་གྲུབ་ཆར་སྒྱུ་རྩལ་གྱི་གསོན་ཤུགས་སྩོལ་མཁན་གྱི་རྩོམ་པ་པོ་ཞེས་པའི་མཚན་སྙན་ཕུལ་ཡོད་ལ། དེ་བཞིན་༡༩༩༦ ལོའི་ཨ་རིའི་རྒྱལ་ཡོངས་དཔེ་དེབ་གཟེངས་རྟགས་དང་། ༢༠༡༢ ལོའི་ཨ་རིའི་སྲིད་འཛིན་གྱི་རྟགས་མ་སོགས་བྱ་དགའ་དང་གཟེངས་རྟགས་རབ་དང་རིམ་པ་ཞིག་བཞེས་ཡོད།

ཁོང་སྐུ་གྲོངས་པའི་གནས་ཚུལ་བྱུང་རྗེས། ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་དང་། སི་ཁོ་ལན་ཏྲི་ཡི་སྲིད་བློན་ནཱི་ཁི་ལ-སི་ཏྲ་ཇོན་(Nicola Sturgeon) གྱིས་མཚོན་པའི་རྒྱལ་སྤྱིའི་མི་སྣ་གྲགས་ཅན་མང་པོ་ཞིག་གིས་ཁོང་ལ་མྱ་ངན་གུས་འདུད་ཞུས་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།

Share this:
༡༢༥༩ ཀློག་གྲངས།