ཁ་མཆུ་ཨང་༢༠ པའི་ཞིབ་གཅོད་ཉན་ཞིབ་ཐེངས་བདུན་པ་འཚོགས།

ཟླ་འདིའི་ཚེས་༨ ཉིན་དྷ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་༢༠ པ་གྱོད་གཞི་མ་ཉེས་ཁག་གཡོགས་ཀྱི་ཞིབ་གཅོད་ཉན་ཞིབ་ཐེངས་བདུན་པ་འཚོགས་པ་དང་།ཨ་རིའི་ཌི་སི་ཁུལ་གྱིས་གཙོས་ས་ཁུལ་ག་བར་ཕེབས་ཀྱང་སྲིད་སྐྱོང་དང་ད་ལྟའི་བཀའ་ཤག་ལ་དམའ་འབེབས་ཀྱི་གཏམ་གླེང་བྱ་རྒྱུ་འཆར་ཅན་ལྟ་བུ་བྱེད་བཞིན་བ་ཞེས་པ་རྩོད་ལན་པས་ཁུངས་སྐྱེལ་བྱ་རྒྱུའི་སྐོར་རྩོད་གླེང་བྱས་ཡོད་པ་རེད།

སྐབས་དེར་ཨ་རི་ནས་ཡོང་བའི་རྩོད་ལན་པ་བཀའ་ཤག་གི་དཔང་པོ་མགོན་པོ་ཚེ་རིང་ཁྲིམས་རར་ཡོང་ནས་ཞུ་སྦྱོར་བ་སྤེན་པ་ཚེ་རིང་དོན་གཅོད་སྐབས་སྲིད་སྐྱོང་དང་བཀའ་ཤག་ལ་དམའ་འབེབས་བྱས་སྐོར་འགྲེལ་བརྗོད་བྱེད་སྐབས། ག་དུས་ཡིན་ནའང་སྲིད་སྐྱོང་ལ་ཟུར་ཟ་དམའ་འབེབས་བྱས་སྐོར་དང་། ཞུ་སྦྱོར་བ་ཁོ་རང་གྲོས་ཚོགས་ཚོགས་གཙོ་ཡིན་སྐབས། སྐབས་དེའི་དོན་གཅོད་དབུ་དཀར་ཚང་དཀར་རྡོ་ཕེབས་བསུར་བཅར་མ་ཐུབ་པར། གཞུང་གི་མཛད་གཙོར་གུས་ཞབས་མ་བྱས་པ་ཡིན་སྐོར་གསུངས་ཡོད་ནའང་། སྲིད་སྐྱོང་ཨ་རིར་ཕེབས་སྐབས་དོན་གཅོད་ཁོ་རང་སྣེ་ལེན་དང་ཕེབས་སྐྱེལ་དུ་མ་བཅར་བ་མ་ཟད། ཚོགས་འདུའི་ཐོག་སྲིད་སྐྱོང་ཕེབས་སྐབས་ཚོགས་ཁང་གི་ཕྱི་ལ་ཡང་མ་ཐོན་སྐོར། དུས་རྒྱུན་སྲིད་སྐྱོང་བློ་བཟང་སེང་གེ་འདྲ་པོ་མ་བྱེད་ད་ཟེར་བ་ལྟ་བུ་བྱས་སྐོར་བརྗོད་སོང་།

ཞུ་སྦྱོར་བ་སྤེན་པ་ཚེ་རིང་གིས། དུས་རྒྱུན་དམའ་འབེབས་ལབ་གླེང་གང་ཡང་སྲིད་སྐྱོང་དང་བཀའ་ཤག་ལ་བྱེད་མྱོང་མེད་ལ། ལས་དོན་གྱི་རྐྱེན་པས་ཕེབས་བསུར་བཅར་མ་ཐུབ་པ་ཁ་ཤས་བྱུང་སྐོར། ༢༠༡༧ ལོའི་ཕྱི་ཟླ་༩ ཚེས་༨ ཉིན་སྲིད་སྐྱོང་ཨ་རིར་ཕེབས་སྐབས་སྣེ་ལེན་བྱེད་དུ་ལས་བྱེད་ཅིག་བཏང་ཡོད། ཕྱི་ཉིན་དེར་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཐོག་ཏུ་སྲིད་སྐྱོང་ཕེབས་དགོས་པས། ཁོང་སྔོན་ལ་ས་གནས་སུ་གྲ་སྒྲིག་བྱེད་དུ་སོང་བ་སྲིད་སྐྱོང་གིས་མཁྱེན་གྱི་ཡོད་སྐོར་གསུངས་སོང་།

ཉིན་དེའི་སྔ་ཉིན་ཚེས་༧ ཉིན་སྟེ། ཞིབ་གཅོད་ཉན་ཞིབ་ཐེངས་དྲུག་པའི་ཐོག་ཞུ་སྦྱོར་བས་རྩོད་ལན་པའི་དཔང་པོ་ཤར་གླིང་ཟླ་སྒྲོན་དཔང་པོ་ཕན་མེད་བཟོ་རྒྱུར་བསམ་འཆར་བཏོན་པ་དེར། དེ་རིང་ཁྲིམས་ཞིབ་ཁང་གིས་དེ་ག་རེ་བྱུང་མིན་མཐའ་མའི་བཅད་ཁྲ་ནང་གསལ་རྒྱུ་ཡིན་སྐོར་གསུངས་སོང་།

ཟླ་འདིའི་ཚེས་༧ ཉིན་དྷ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་༢༠ པ་གྱོད་གཞི་མ་ཉེས་ཁག་གཡོགས་ཀྱི་ཞིབ་གཅོད་ཉན་ཞིབ་ཐེངས་དྲུག་པ་འཚོགས་པ་དང་། ཞུ་སྦྱོར་བས་བུད་མེད་བཀའ་བློན་འོས་མི་ཞིག་ལ་ངན་བསླབས་བྱས་ཡོད་མེད། ཁྲིམས་ཁང་དུ་ཕྱོགས་གཉིས་ཀྱི་དཔང་པོ་ཡོང་ནས་རྩོད་གླེང་བྱས་ཡོད་པ་རེད།

དཔང་པོ་ཁྲིད་རྒྱུའི་བརྒྱུད་རིམ་འདིའི་ཁྲོད་ཐོག་མར་རྩོད་ལན་པས་དཔང་པོ་ལྔ་ཁྲིད་པའི་ནང་ནས་རྩིས་པ་འཇིགས་མེད་དང་ཤར་གླིང་ཟླ་སྒྲོན་གཉིས་ཉན་ཞིབ་སྐབས་ལྟ་རྒྱུ་དང་། གསུམ་ལ་བརྟག་དཔྱད་དང་ཁྲིམས་ཁང་ནས་ཕྱོགས་ཀྱིས་འགྲིག་མིན་རྩོད་གླེང་བྱས་རྗེས། ཨ་རིའི་ནས་དཔང་པོ་གཉིས་ཕྱོགས་ལྷུང་ཅན་ལ་ངོས་འཛིན་དང་། མགོན་པོ་ཚེ་རིང་ངོས་ལེན་བྱེད་རྒྱུ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱས་ཏེ། དྷ་སར་འབྱོར་ཡོད་པ་རེད།

དཔང་པོ་གཉིས་རྩིས་མེད་ཆགས་རྗེས་བསྐྱར་དུ་རྩོད་ལན་པས། དཔང་མི་འཕར་མ་བཞི་ལེན་དགོས་སྐོར་ཁྲིམས་ཁང་ལ་ཞུས་སྐབས། དཔང་མི་གསུམ་ངོས་ལེན་མ་བྱས་པ་དང་། གཅིག་ངོས་ལེན་བྱས་ཀྱང་། ཨ་རིར་བསྡད་ཡོད་པས། དུས་ཐོག་ངོ་བཅར་མ་ཐུབ་སྐབས། རྩོད་ལན་པས་དྲ་ལམ་ནས་སྐད་ཆ་བཤད་དགོས་པར་ཆོག་མཆན་ཞུས་པར། ཝ་ཤིན་ཊོན་གྱི་དོན་གཅོད་ནང་ཡོང་དགོས་སྐོར་བརྗོད་པ་དང་། དེ་ཡང་དེ་རིང་ཡོང་དགོས་སྐོར་བརྗོད་པས། བཅར་མ་ཐུབ་པར་དུས་འགྱངས་བཀའ་ཁྲོལ་ཞུས་ཀྱང་། ཁྲིམས་ཞིབ་ཁང་ནས་ངོ་འབྱོར་མ་ཐུབ་པའི་དཔང་པོར་ཐག་གཅོད་བྱས་ཏེ། དཔང་པོ་དེ་དག་ལེན་ཐུབ་མེད་པ་རེད།

ཞིབ་གཅོད་ཉན་ཞིབ་ཐེངས་དྲུག་པ་དེ་གཙོ་བོ། དངོས་དོན་བདུན་པ། ཞུ་སྦྱོར་བའི་ཞུ་རྩ་༤་༡༠ ནང་། བཀའ་ཤག་གི་གསལ་བཤད་དོན་ཚན་བཅུ་ཅན་དེའི་དོན་ཚན་དགུ་བར་བཀོད་པ་ནི་གུས་པའི་མི་གཤིས་ལ་དམའ་འབེབས་དང་། གཞི་མེད་ཉེས་འཛུགས་བྱས་པ་ཞིག་ཡིན་ཞེས་བཀོད་འདུག་པ་དེར།  རྩོད་ལན་པའི་ཞུ་ལན་༤་༡༠ ནང། བཀའ་ཤག་གི་གསལ་བཤད་དོན་ཚན་བཅུ་ཅན་དེའི་དོན་ཚན་དགུ་པར་གསུངས་པ་ནི་བདེན་པ་ལས། ཞུ་སྦྱོར་བའི་མི་གཤིས་ལ་དམའ་འབེབས་དང་གཞི་མེད་ཉེས་འཛུགས་བྱས་པ་ཞིག་རྩ་བ་ནས་མིན་ཞེས་དང་།

ཡང་ཞུ་ལན་༤་༡༠་༢ ནང་། དེ་བཞིན་ཌིསི་ཁུལ་གྱིས་གཙོས་ས་ཁུལ་ག་བར་ཕེབས་ཀྱང་སྲིད་སྐྱོང་དང་ད་ལྟའི་བཀའ་ཤག་ལ་དམའ་འབེབས་ཀྱི་གཏམ་གླེང་བྱ་རྒྱུ་འཆར་ཅན་ལྟ་བུ་བྱེད་བཞིན་པ་ཟེར་བ་དེ། མང་ཚོགས་དང་སྒེར། དུས་ནམ་ཞིག གང་དུ། ཚུལ་ཇི་ལྟར། སུ་དང་སུ་ལ་དམའ་འབེབས་ཀྱི་གཏམ་གླེང་བྱས་ཡོད་གསུང་རྒྱུ་ཡོད་ན་མ་གཏོགས། གཞི་མེད་ཉེས་འཛུགས་ཀྱི་ངག་ཀྱལ་འདི་རིགས་ལ་ལན་འདེབས་བྱེད་དགོས་མ་མཐོང་ཞེས་གུས་པའི་ ༢༠༡༧།༡༢།༤ ཉིན་གསལ་བཤད་ཞུས་ཟིན་བ་ལྟར། གཞི་མེད་བའི་ཐོག་ནས་གུས་པར་ཉེས་མེད་ཉེས་འཛུགས་བྱས་པ་ཞིག་ཡིན་ཞེས་གསལ་ཐད། དེ་ནི་རྩོད་ལན་པ་བཀའ་ཤག་གིས་གསལ་བཤད་བྱས་པའི་ཐོག་ནས་ཞུ་སྦྱོར་བར་ཉེས་མེད་ཉེས་འཛུགས་བྱས་པ་ཞིག་རྩ་བ་ནས་མིན། གོང་ཞུས་ལྟར་ཞུ་སྦྱོར་བས་ཤར་གླིང་ཟླ་སྒྲོན་ལ་སྐད་ཆ་དེ་ཚོ་ནས་ཞུ་སྦྱོར་བའི་རང་གཤིས་དང་ཁོང་གིས་འཆར་ཅན་ལྟར་དཔལ་ལྡན་སྲིད་སྐྱོང་མཆོག་དང་ད་ལྟའི་བཀའ་ཤག་ལ་དམའ་འབེབས་བྱེད་ཀྱི་ཡོད་པར་གསལ་རྟོགས་ཐུབ་ལ། ཨ་རིར་གནས་བཞུགས་བོད་མི་མང་པོས་ཀྱང་དེ་ལུགས་གསུངས་དང་གསུང་མུས། ཞེས་ངོས་ལེན་བྱས་མི་འདུག་པས།

ཞུ་རྩ་ ༤་༡༠ ནང་དྲངས་པའི། བཀའ་བློན་འོས་མི་བུད་མེད་ཅིག་ལ་ཁྱེད་རང་སྲིད་སྐྱོང་བློ་བཟང་སེང་གེ་དང་མཉམ་དུ་ལས་ཀ་བྱས་ན་ཁྱེད་རང་གི་མདུན་ལམ་ལ་དོ་ཕོག་འགྲོ་ངེས་ཡོད་པ་སོགས་ཚོུད་༤ ཙམ་རིང་སྲིད་སྐྱོང་ལ་དམའ་འབེབས་སྣ་ཚོགས་བྱས་ནས་ཁོ་མོ་བློ་སྣ་འགྱུར་ཐབས་ངན་བསླབས་སྣ་ཚོགས་བྱས་ཡོད་པ་མ་ཟད། ཅེས་པའི་བརྗོད་པ་དེ་དག་ཞུ་སྦྱོར་བས་བཀའ་བློན་འོས་མི་དེར་ཇི་ལྟ་ཇི་ལྟར་བརྗོད་ཡོད་པ་རྩོད་ན་པས་ཁུངས་སྐྱེལ་བྱ་རྒྱུ་ཞུས་པར།

རྩོད་ལན་པས་ཁུངས་སྐྱེལ་སྐབས། ཁྲིམས་ཁང་དུ་རྩོད་ལན་པའི་དཔང་པོ་ཤར་གླིང་ཟླ་སྒྲོན་དངོས་སུ་ཡོང་ནས། ༢༠༡༦ ཕྱི་ཟླ་༧ པའི་ནང་བསྐོ་གཞག་ཟིན་པའི་དོན་གཅོད་སྤེན་པ་ཚེ་རིང་ལགས་ནས་རྒྱལ་སྤྱིའི་འབྲེལ་མཐུད་ཀྱི་གཞུང་འབྲེལ་ཟབ་སྦྱོང་སྐབས། མོ་ཟུར་དུ་འབོད་འགུག་གིས། ༡ ཁོང་༧གོང་ས་མཆོག་གིས་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་ཡིན་པས། ལས་དོན་ཡང་དགའ་ལྡན་ཕོ་བྲང་ལ་འགན་ཁུར་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ལ་འགན་ཁུར་མི་དགོས་སྐོར་དང་། ༢ སྲིད་སྐྱོང་དབང་ཆ་གཅིག་སྡུད་པ་ཡིན་པ། ༣ ཁོ་དང་མཉམ་དུ་ལས་ཀ་བྱས་ན་སྲིད་སྐྱོང་ཆུ་ནང་མཆོང་པ་མ་ཟད། མཉམ་དུ་ཁྱེད་རང་ཡང་ཆུ་ནང་མཆོང་འགྲོ་ཡི་རེད་ཅེས་དང་། སྲིད་སྐྱོང་ལ་འགོ་ཁྲིད་ཀྱི་ནུས་པ་མེད་པ་དང་། དཀའ་ངལ་མང་པོ་འཕྲད་རྒྱུ་ཡིན་སྐོར། གུས་མོར་སྲིད་སྐྱོང་མཉམ་དུ་ལས་ཀ་མི་བྱེད་རྒྱུར་བརྒྱུད་སྐུལ་བྱས་པས། བཀའ་ཤག་གི་གསལ་བཤད་དོན་ཚན་དགུ་པ་བདེན་པ་ཡིན་སྐོར་བརྗོད་སོང་།

ཞུ་སྦྱོར་བས་མོ་ལ་རྒན་པས་སློབ་གསོ་བཏང་བ་དེ་ངན་བསླབ་ལ་གོ་སོང་བ་ལས། སྲིད་སྐྱོང་ལ་དམའ་འབེབས་བྱས་མེད་ལ། གོང་གི་དོན་ཚན་གསུམ་དེ་ཡང་མིན་པས། ངོས་ལེན་མེད་ཅེས་བརྗོད་པ་དང་། ཞུ་སྦྱོར་བའི་དཔང་པོ་འཇིགས་མེད་ཚུལ་ཁྲིམས་ཀྱིས་རྩོད་ལན་པའི་དཔང་པོས་བཤད་པའི་དོན་ཚན་གསུམ་དེ་བཤད་པ་གོ་མ་སོང་། མ་གོ་བས་བཤད་ཡོད་མ་རེད། དགོང་མོ་ཆུ་ཚོད་༨་༣༠ ཙམ་ནས་ཆུ་ཚོད་༡༢་༣༠ -༡ པོ་བར་ཁོང་དེར་བསྡད་སྐོར་གསུངས་པ་དང་། ཞུ་སྦྱོར་བས་མོ་ལ་སློབ་གསོ་དང་ལམ་སྟོན་ཐོག་ནས་ལས་དོན་བྱེད་ཕྱོགས་སྐོར་གསུངས་སྐོར་བརྗོད་པ་དང་། སྒེར་སོ་སོའི་ལས་ཀའི་སྐོར་སོགས་བཤད་སྐོར་བརྗོད་པ་དང་། རྩོད་ལན་པ་དང་ཞུ་སྦྱོར་བས་དྲི་བ་ཁག་ཅིག་སྐབས་དེར་དེ་འདྲ་བཤད་པ་གོ་མ་སོང་ཞེས་ལན་འདེབས་བྱས་ཡོད་པ་རེད།

དགོང་མོ་ཁོང་ཚོ་མཉམ་འཛོམས་སྐབས། རྩོད་ལན་པའི་དཔང་པོ་ཤར་གླིང་ཟླ་སྒྲོན་གྱིས། ཞུ་སྦྱོར་བས་ཐུག་དགོས་གསུངས་པ་ལྟར་ཟབ་སྦྱོང་ཁ་ལག་གྲུབ་རྗེས། ཆུ་ཚོད་༡༠་༣༠ ཙམ་ལ་ཁོང་གི་ལས་རོགས་གཉིས་དང་ཁོང་ཚོ་ཞུ་སྦྱོར་བའི་སྡོད་ཁང་དུ་སོང་བ་དང་། བར་དེར་འཇིགས་མེད་ཚེ་རིང་ལགས་སླེབས་སོང་། སྐབས་དེར་སྤྱིར་བཏང་གི་སྐད་ཆ་འདྲ་བཤད་ནས་སྡོད་དུས་འཇིགས་མེད་ལགས་སྐར་མ་༡༥ ཙམ་ལས་མ་བསྡད་པར་ལོག་སོང་། དེ་ནས་ང་ཚོས་སྐད་ཆ་དེ་འགོ་བཙུགས་ནས་ཆུ་ཚོད་༤ ཙམ་རིང་བསྡད་པ་དང་། ངས་ལན་འདེབས་རེ་ཟུང་བྱས་པ་ལས་མང་ཆེ་བ་ཞུ་སྦྱོར་བ་ཁོ་རང་གིས་གསུང་བསྡདད་སྐོར་གསུངས་སོང་།

དཔང་པོ་གཉིས་ཀྱི་ཆུ་ཚོད་ག་ཚོད་རིང་བསྡད་ཡིན་ལ། ཧེ་བག་ཧ་ཅང་ཆེན་པོ་ཡོད་པས། ཁྲིམས་ཞིབ་པས་ཁོང་གཉིས་ལ་དྲི་བ་གཏོང་སྐབས། དཔང་པོ་འཇིགས་མེད་ཚུལ་ཁྲིམས་ཀྱིས་ཁོང་གི་དེ་ཡིན་སྐོར་གསལ་བཤད་དང་། དཔང་པོ་ཤར་གླིང་ཟླ་སྒྲོན་གྱིས་ཀྱང་ཁོང་གི་དེ་ཡིན་སྐོར་གསུངས་པ་དང་། ཁོང་གིས་ལས་རོགས་གཉིས་ལ་ཡང་སྐད་ཆ་དྲིས་ན་ཆོག་གི་རེད་ཅེས་ལན་འདེབས་བྱས་སོང་།

ཞུ་སྦྱོར་བ་སྤེན་པ་ཚེ་རིང་གི་ངོས་ནས་དཔང་པོ་ཟླ་སྒྲོན་དཔང་པོ་ཕན་མེད་བཟོ་རྒྱུར་བསམ་འཆར་བཏོན་ཏེ། མོ་ཐོག་མར་བཀའ་བློན་ནང་འདེམས་སྐབས། ལོ་རྫུན་བཤད་པ་དང་། སྤྱི་འཐུས་འོས་ལངས་སྐབས། བཀའ་ཤག་གིས་ལས་ཀ་ཡག་པོ་མ་བྱས་སྐོར་གྱི་སྐྱོན་བརྗོད་བྱས་པ། ཕྱི་དྲིལ་ཚད་མཉམ་དྲུང་ཆེའི་ལས་འཚམས་འཇོག་སྐབས་མོ་སྲིད་སྐྱོང་གིས་མིག་བཙུགས་ནས་བསྐོ་བཞག་བྱས་པ་ཞིག་ཡིན་སྐོར་གསུངས་པས། དྲིན་ལན་གསོ་ཕྱིར་ཕྱོགས་ལྷུང་ཆགས་པ། ཁོང་གིས་ལམ་སྟོན་བྱས་པར་འཁོན་འཛིན་བྱས་པ་བཅས་ལ་བརྟེན། དྲང་ཚིག་དང་། ཁེ་ཕན། ཕྱོགས་ལྷུང་། འཁོན་འཛིན་བཅས་ཡིན་པས། ཁྲིམས་ལུགས་ལྟར་དཔང་པོའི་ཆ་རྐྱེན་མི་ཚང་སྐོར་བརྗོད་ཡོད་པ་རེད།

རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པས། ཟླ་སྒྲོན་གཞུང་ལ་ལྷག་བསམ་ཅན་ཡིན་པ་ལས་དོན་མང་པོ་བྱས་ཡོད་སྐོར་དང་། སྤྱི་འཐུས་འོས་བསྡུའི་སྐབས་དབུས་གཙང་གི་འོས་མང་ཤོས་ཐོབ་མཁན་གྲས་ཡིན་པས། དཔང་པོ་ཚད་ལྡན་ཆགས་ཡོད་སྐོར་ལན་འདེབས་བྱས་སོང་ལ། ཉིན་དེར་ཁྲིམས་ར་མཇུག་བསྡུས་ནས་ཕྱི་ཚེས་༨ ཉིན་བསྐྱར་དུ་འཚོགས་རྒྱུ་ཡིན་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༦༠༡༢ ཀློག་གྲངས།