ཀཱ་ཤི་མིར་གནད་དོན་དེ་རྒྱ་གར་གྱི་ནང་སྲིད་གནད་དོན་རེད་ཅེས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། གྲོང་ཁྱེར་ཝ་རོ་ཌ་ར་བཅས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་འདུག་པ་དང་། སྐབས་དེར་བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱ་ནག་གི་སྲིད་བྱུས་ལ་གཟབ་དགོས་པ་སོགས་ཀྱི་ཐོག་ལ་གཏམ་བཤད་གནང་ཡོད་ཁར། དེ་བཞིན་གསར་འགོད་པའི་༧གོང་ས་མཆོག་གི་ཡང་སྲིད་གནད་དོན་དང་རྒྱ་གར་གྱི་མི་སེར་གཟེངས་རྟགས་མཐོ་ཤོས། ཀཱ་ཤི་མིར་གྱི་གནད་དོན་སོགས་ཀྱི་ཐོག་གི་དྲི་བར་ལན་འདེབས་གནང་འདུག

ཟླ་༨ པའི་ཚེས་༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱལ་སྤྱིའི་བསྟི་གནས་ཁང་དུ་རྒྱ་གར་ཕྱི་སྲིད་གསར་འགོད་མཐུན་ཚོགས་ཀྱིས་མགྲོན་འབོད་གནང་བ་ལྟར། ཐེངས་བདུན་པའི་ལོ་འཁོར་གཏམ་བཤད་ལས་རིམ་ཐོག་གཏམ་བཤད་གནང་འདུག སྐབས་དེར་རྒྱ་གར་གྱི་གསར་ཁང་ཆེ་གྲས་ཁག་གི་གསར་འགོད་པ་དང་བཅས་མི་གྲངས་༡༥ མཉམ་ཞུགས་གནང་འདུག སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྤྱི་དང་། ལྷག་པར་རྒྱལ་སྤྱིའི་ཁྱོན་དུ་རྒྱ་ནག་གིས་ཚོང་འབྲེལ་ཐོག་ནས་ཆབ་སྲིད་ཀྱི་ཤུགས་རྐྱེན་ཇི་ཆེར་སླེབས་བཞིན་ཡོད་པ་དང་།  ཨོ་སི་ཀྲི་ལི་ཡ་དཔེ་མཚོན་བཞག་ནས། རྒྱ་ནག་གཞུང་གི་ཚོང་འབྲེལ་གྱི་ལམ་ནས་ཆབ་སྲིད་ཐོག་ཐེ་བྱུས་ཀྱིས་གནོན་ཤུགས་ཆེན་པོ་སྤྲོད་བཞིན་པ། རྒྱ་ནག་གཞུང་གི་རྒྱུད་ཅིག་ལམ་གཅིག་གི་སྲིད་བྱུས་ཐད་ངེས་པར་ཡིད་གཟབ་དགོས་པ།རྒྱ་ནག་གཞུང་གི་རྒྱུད་གཅིག་ལམ་གཅིག་ཟེར་བའི་སྲིད་བྱུས་འོག་དེ་སྔ་བོད་ནང་བཙན་འཛུལ་བྱས་པ་དང་། ལམ་དེས་ཞི་བདེ་དང་ཡར་རྒྱས་ཀྱི་ལམ་སྣེ་འདྲེན་དགོས་པ་ཞིག་ཡིན་ཡང་།  དེ་ལས་ལྡོག་སྟེ་ལམ་དེ་ནས་བོད་ནང་དྲག་པོའི་བཙན་འཛུལ་བྱས་སྐོར། གཞན་ཡང་དེང་སྐབས་རྒྱ་ནག་གཞུང་གི་རྒྱུད་གཅིག་ལམ་གཅིག་ཟེར་བའི་འཇམ་མཁས་ཀྱི་སྲིད་བྱུས་དེའི་འོག་རྒྱལ་སྤྱིའི་ཁྱོན་དུ་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་ཡོད་སྟབས། འཛམ་གླིང་རྒྱལ་ཁབ་གཞན་ཚོས་བོད་ནང་དེ་སྔ་ཕྱི་ལོ་༡༩༥༩ དང་ ༡༩༦༠ ནང་རྒྱ་ནག་གཞུང་གིས་འཛུགས་སྐྲུན་ཡར་རྒྱས་དང་། དཔལ་འབྱོར་ཡར་རྒྱས་ཀྱི་གོ་སྐབས་ཡོད་ཚུལ་བཤད་ནས་རིམ་བཞིན་བོད་ས་དབང་སྒྱུར་བྱས་པར་བརྟེན།  བོད་ནས་བློ་སྐྱེད་ལེན་དགོས། བོད་ལ་དཀའ་ངལ་འཕྲད་པ་བཞིན་འཛམ་གླིང་རྒྱལ་ཁབ་གཞན་ལའང་དཀའ་ངལ་འཕྲད་ངེས་ཡོད་པས། གལ་ཏེ་རྒྱ་ནག་གཞུང་གི་སྲིད་བྱུས་སྐོར་དངོས་འབྲེལ་ཤེས་འདོད་ཡོད་ཚེ། ཐོག་མར་བོད་ཀྱི་གནད་དོན་ངེས་པར་དུ་ཤེས་དགོས། རྒྱ་ནག་གཞུང་གི་དཔལ་འབྱོར་གྱི་ཤུགས་རྐྱེན་དེ་ཆབ་སྲིད་དང་། ཤེས་ཡོན། རྒྱལ་སྲུང་། དེ་བཞིན་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཞིག་ཏུ་འགྱུར་རྒྱུ་ཡིན་པར་བརྟེན་ཐུགས་སྣང་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་འདུག

དེ་བཞིན་བོད་ནང་གི་གནས་སྟངས་ཐོག་གསུང་དོན། བོད་ནང་གི་གནས་སྟངས་ནི་ཧ་ཅང་ཛ་དྲག་པོ་ཞིག་རེད།  ལོ་ལྟར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་པ་རང་དབང་ཁང་པ་ཞེས་པས།  འཛམ་གླིང་ནང་གི་རང་དབང་། ཞེས་པའི་སྙན་ཐོ་བཏོན་པའི་ནང་།  ལོ་གསུམ་བསྟུད་མར་འཛམ་གླིང་ནང་རང་དབང་ཆེས་ཞན་ཤོས་ཀྱི་རྒྱལ་ཁབ་ཨང་གཉིས་པ་དེ་བོད་ཆགས་ཡོད་པ་འཁོད་ཡོད།  རང་དབང་སྡུག་ཤོས་རྒྱལ་ཁབ་སི་རི་ཡ་དང་།  དེ་རྗེས་བོད་ཡིན་པ་འཁོད་ཡོད།  སྙན་ཐོ་དེ་ལྟར་ན། བོད་ནང་ཆོས་དད་རང་དབང་མེད་པ་དང་། བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་རྒྱ་ནག་གཞུང་གིས་དམ་བསྒྲགས་ཚབས་ཆེན་བྱེད་བཞིན་པ་སོགས་འཁོད་འདུག་ཅེས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་དང་། བོད་མིའི་སྒྲིག་འཛུགས་ནས་བོད་དོན་བདེན་མཐའ་སེལ་རྒྱུར་འབད་བརྩོན་ཤུགས་ཆེ་གནང་བཞིན་ཡོད་སྐོར་སོགས་ཀྱི་གཏམ་བཤད་གནང་འདུག

ལྡི་ལི་དང་ཝ་རོ་ཌ་ར་བཅས་སུ་གསར་འགོད་པ་ཚོས་ཉེ་ཆར་རྒྱ་གར་དབུས་གཞུང་གིས་ཇཱ་མུ་དང་ཀ་ཤི་མིར་མངའ་སྡེར་ཡོད་པའི་དམིགས་བསལ་རང་སྐྱོང་གི་གནས་བབ་ཕྱིར་འཐེན་བྱས་པར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་པས། དེའི་ཐོག་བསམ་ཚུལ་གང་ཡོད་དྲིས་པར། སྲིད་སྐྱོང་མཆོག་གིས་གནད་དོན་དེ་ནི་རྒྱ་གར་གྱི་ནང་སྲིད་གནད་དོན་ཞིག་ཡིན་ཁར། ཁོང་ནི་རྒྱ་གར་ནང་མགྲོན་པོ་ཡིན་པས། ནང་སྲིད་གནད་དོན་ཐོག་བསམ་ཚུལ་བརྗོད་རྒྱུ་མིན་སྐོར་ལན་འདེབས་གནང་། དེ་བཞིན་༧གོང་ས་མཆོག་གི་ཡང་སྲིད་གནད་དོན་དང་འབྲེལ་ནས་ལན་འདེབས་གནང་དོན་ལ། གལ་ཏེ་རྒྱ་ནག་གཞུང་གིས་༧སྐུའི་ཡང་སྲིད་གཅིག་ངོས་འཛིན་བྱས་ཚེ། དེ་ལ་དད་པ་དང་རྗེས་སུ་འབྲངས་མཁན་ཡོང་རྒྱུ་མིན་པ། ཡང་སྲིད་དང་འབྲེལ་བའི་ཐག་གཅོད་བྱེད་རྒྱུའི་དབང་ཚད་ནི་༧གོང་ས་མཆོག་ལ་ཡོད་སྐོར་ལན་འདེབས་གནང་འདུག

རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་བཀོད་པར་གཞིགས་ན། སྲིད་སྐྱོང་མཆོག་གིས་རྒྱ་གར་དང་ཚོང་འབྲེལ་བྱེད་པར་དགག་བྱ་གང་ཡང་མེད་ཀྱང་། ཡིད་གཟབ་གནང་རྒྱུ་གལ་ཆེན་ཡིན་པ་དང་། རྒྱ་ནག་དང་མཉམ་དུ་འབྲེལ་ལམ་བྱེད་དགོས་པ་ལས། ཟུར་ཕུད་བྱེད་རྒྱུ་མེད་པ། དེ་བཞིན་རྒྱ་གར་གཞུང་གིས་བོད་དེ་ལོ་རྒྱུས་དང་ཡུལ་བབ་ཀྱི་ཆབ་སྲིད། ཁོར་ཡུག་བཅས་ཀྱི་ཐོག་ནས་གལ་གནད་ཡིན་པའི་ཐོག་ནས། བོད་དོན་དེ་གནད་དོན་གལ་ཆེན་འཛིན་ནས་རྒྱབ་སྐྱོར་གནང་དགོས་པ་དང་། བོད་མི་རྣམས་ཀྱིས་ཞི་བའི་གྲོས་མོལ་ཐོག་ནས་རྒྱ་ནག་འོག་ཏུ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་འདོད་བྱེད་ཀྱི་ཡོད་སྐོར་གསུངས་འདུག

ཚེས་༧ ཉིན་རྒྱ་གར་མངའ་སྡེ་གྷུ་ཇེ་རཌ་ནང་གི་གྲོང་ཁྱེར་ཆེ་གྲས་ཝ་རོ་ཌ་ར་རྟེན་གཞི་བྱས་པའི་པཱ་རུལ་གཙུག་ལག་སློབ་གཉེར་ཁང་དུ། དགེ་ལས་སློབ་ཕྲུག་རྣམས་ལ་བོད་དང་རྒྱ་གར་གྱི་འབྲེལ་བ་དང་། བཙན་བྱོལ་བོད་མི་རྣམས་ལ་རྒྱ་གར་བཀའ་དྲིན་ཆེན་པོ་ཡིན་པ། བོད་ཀྱི་གནད་དོན་སོགས་ཀྱི་སྐོར་གཏམ་བཤད་གནང་འདུག དེ་བཞིན་ཁུལ་དེར་ཡོད་པའི་མཱ་ཧཱ་ར་འཇའ་སཱ་རོ་རྗི་རའི་གཙུག་ལག་སློབ་གཉེར་ཁང་དུ། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་དུ་རྒྱ་གར་ལ་བོད་ཀྱི་གནད་དོན་དེ་རྒྱུ་མཚན་ག་རེ་ལ་བརྟེན་ནས་གལ་ཆེན་ཡིན་པའི་ཐོག་གཏམ་བཤད་གནང་རྗེས། ས་གནས་དེར་མཐོ་སློབ་འགྲིམས་བཞིན་པའི་བོད་པའི་སློབ་མ་རྣམས་ལ་ཟུར་དུ་གཏམ་བཤད་དང་དྲི་བ་དྲི་ལན་གནང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༧༣༢ ཀློག་གྲངས།