ཨ་རིས་ཧོང་ཀོང་དུ་སྐྱོད་མཁན་གྱི་མི་སེར་ཚོར་གཟབ་གཟབ་བྱེད་དགོས་པའི་སྐུལ་མ། 

ཕྱི་ལོ་༢༠༡༩ ཟླ་༨ ཚེས་༨ ཉིན། ཨ་རིས་ཧོང་ཀོང་དུ་སྐྱོད་མཁན་གྱི་མི་སེར་ཚོར་རྒྱུན་ཆད་མེད་པར་འབྱུང་བཞིན་པའི་་ངོ་རྒོལ་ལ་གཟབ་གཟབ་བྱེད་དགོས་པའི་སྐུལ་མ་བཏང་འདུག་པས། ཧོང་ཀོང་གྲོང་ཁྱེར་དུ་འགྲོ་མཁན་གྱི་སོ་སོའི་མི་སེར་ལ་དོགས་ཟོན་དགོས་པའི་སྐུལ་མ་འདེབས་མཁན་གྱི་རྒྱལ་ཁབ་གསར་ཤོས་དེ་ཆགས་ཡོད་འདུག 

དེ་ཡང་ཨ་རིའི་རྒྱལ་སྲིད་ལས་ཁུངས་ཀྱིས་རེས་གཟའ་ལྷག་པའི་ཉིན་འགྲུལ་བཞུད་ལམ་སྟོན་གྱི་གསལ་བསྒྲགས་ཤིག་སྤེལ་ནས། འགྲུལ་བ་ཚོར་ཧོང་ཀོང་གི་ངོ་རྒོལ་ལ་སྔར་ལས་ལྷག་པའི་གཟབ་གཟབ་དང་དོགས་ཟོན་དགོས་པའི་སྐུལ་མ་བགྱིས་འདུག་སྟེ། གསལ་བསྒྲགས་དེའི་ནང་“ངོ་རྒོལ་གྱི་ལས་འགུལ་ཕལ་ཆེ་བ་འཚེ་མེད་ཞི་བ་ཡིན་མོད། འོོན་ཀྱང་འགའ་ཤས་ནང་འཚེ་བ་དང་དྲག་པོའི་གདོང་ཐུག་བྱུང་ཡོད། སྔོན་བརྡ་གང་ཡང་མེད་པར་གློ་བུར་དུ་འབྱུང་སྲིད་པའི་ངོ་རྒོལ་འདི་དག་རྒྱུན་མི་ཆད་པར་མུ་མཐུད་འབྱུང་རྒྱུ་ཡིན་པར་སྣང་”ཞེས་བཀོད་ཡོད་འདུག 

འགྲུལ་བཞུད་ཀྱི་ལམ་སྟོན་དེས་ཧོང་ཀོང་དུ་སྐྱོད་མཁན་ཚོར་ངོ་རྒོལ་གྱི་ལས་འགུལ་ལས་གཡོལ་དགོས་པ་དང་། གལ་སྲིད་གློ་བུར་དུ་ངོ་རྒོལ་དང་མི་ཚོགས་ཆེན་པོའི་ནང་ཚུད་པ་ཡིན་ན། གཟབ་གཟབ་དང་མངོན་ཆུང་བྱེད་དགོས་པའི་སྐུལ་མ་བྱས་ཡོད་འདུག 

འདི་ལྟ་བུའི་ལམ་སྟོན་གསལ་བསྒྲགས་རྒྱལ་ཁབ་གཞན་དག་སྟེ། ཨོ་སི་ཁྲུ་ལི་ཡ་དང་། དབྱིན་ཇི། ཨི་ར་ལན་ཏྲི། ཉི་ཧོང་། སིན་གྷ་པོར་སོགས་ཀྱིས་ཀྱང་བཏང་འདུག་པ་དང་། རྒྱལ་ཁབ་དེ་དག་གིས་འགྲུལ་བ་ཚོར་དོགས་ཟོན་ནན་པོ་བྱེད་པའི་ཉེན་བརྡ་བཏང་བ་ལས། ཧོང་ཀོང་ལ་གཏན་ནས་འགྲོ་མི་ཉན་པའི་སྐུལ་མ་བྱས་མི་འདུག 

ད་ལྟ་ཕྱིར་འཐེན་བྱས་པའི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ལ་བརྟེན་ནས་ཧོང་ཀོང་དུ་འདས་པའི་བདུན་ཕྲག་དགུའི་རིང་མི་མང་གི་གཞི་རྒྱ་ཆེ་བའི་ངོ་རྒོལ་རབ་དང་རིམ་པ་རྒྱུན་མ་ཆད་པར་བྱུང་དང་འབྱུང་མུས་སུ་ཡོད་ལ། མཚམས་འཇོག་པའི་རྣམ་པ་ཅི་ཡང་མ་མཆིས་པའི་ངོ་རྒོལ་དེའི་དགོས་འདུན་ཡང་ཇེ་ཆེ་ནས་ཇེ་ཆེར་གྱུར་ཏེ་ད་ལྟ་ཡང་དག་པའི་མང་གཙོ་དང་། ཉེན་རྟོག་པའི་གདུག་རྩུབ་ལ་རྟོག་དཔྱོད་དགོས་པའི་དགོས་འདུན་ཡང་ཚུད་ཡོད། 

ཐོག་མའི་ཆར་ནས་ངོ་རྒོལ་བ་ཚོས་འཆར་གཞི་ལྡན་པའི་སྒོ་ནས་ཧོང་ཀོང་གི་སྲང་ལམ་བསྟི་གནས་ཐོག་ལས་འགུལ་སྤེལ་ཡོད་ཀྱང་། ད་ལྟ་གྲོང་ཁྱེར་དེའི་ས་ཕྱོགས་སྣ་ཚོགས་ན་ངོ་རྒོལ་འབྱུང་བཞིན་ཡོད་པ་མ་ཟད། ཐ་ན་ཆོག་མཆན་མེད་པའི་ས་ཁུལ་དག་ལའང་འབྱུང་བཞིན་ཡོད། 

བདུན་འདིའི་རེས་གཟའ་ཟླ་བའི་ཉིན། གྲོང་ཁྱེར་ཡོངས་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱུང་སྟེ་གནམ་གྲུ་༢༢༠ ལྷག་ཕར་འགྱང་དང་། གྲོང་ཁྱེར་གྱི་མེ་འཁོར་གཙོ་བོ་རྣམས་བཀག་འགོག་བྱེད་དགོས་ཁེལ་ཡོད་ལ། ཉིན་དེའི་ཕྱི་དྲོར་ངོ་རྒོལ་བ་དང་ཉེན་རྟོག་པའི་བར་དྲག་པོའི་གདུང་ཐུག་ཤོར་ནས་ཉེན་རྟོག་པས་ས་ཁུལ་མི་འདྲ་བ་ལྔ་ལ་དུདང་རླངས་འཕངས་ཡོད།

དེས་མ་ཚད་ད་དུང་མི་ཚོ་ཞིག་གིས་མི་མང་ལ་རྒོལ་རྡུང་བྱས་པའི་དོན་རྐྱེན་ཡང་བྱུང་ཡོད་དེ། ཟླ་གོང་མར་ལྕགས་དབྱུག་དང་སྨྱུག་མ་ཐོགས་པའི་མི་ཚོ་ཞིག་གི་ས་འོག་མེ་འཁོར་འབབ་ཚུགས་ནས་མི་མང་ལ་རྒོལ་རྡུང་བྱས་པ་དང་། ཉེན་རྟོག་པ་ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་མ་གཏོགས་མ་འབྱོར་བས། ཉུང་མཐར་ཡང་མི་༤༥ ལ་རྨས་སྐྱོན་ཕོག་ཅིང་། དེའི་ཁྲོད་ནས་འགའ་ཤས་ཚབས་ཆེན་ཆགས་ཡོད། 

རྒྱུན་ཆད་མེད་པར་འབྱུང་བཞིན་པའི་ངོ་རྒོལ་གྱིས་ཡུལ་སྐོར་སྤྲོ་འཆམ་གྱི་ལས་རིགས་ལའང་ཤུགས་རྐྱེན་ཐེབས་བཞིན་ཡོད་དེ། ཞིབ་འཇུག་བྱས་པ་ལྟར་ན། ཟླ་༦ ཚེས་༡༦ ནས་ཟླ་༧ ཚེས་༡༣ བར་(དུས་ཡུན་འདིའི་ནང་ལས་འགུལ་ཆེན་པོ་འགའ་ཤས་བྱུང་ཡོད།)ཨེ་ཤི་ཡ་ནས་ཧོང་ཀོང་ལ་འགྲོ་མཁན་གྱི་གནམ་གྲུའི་འཛིན་བྱང་མངགས་ཉོ་བྱས་པའི་ཚད་དེ་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆ་༥.༤ ལ་ཆག་ཡོད་འདུག 

ཧོང་ཀོང་ཡུལ་སྐོར་ལས་ཁུངས་ནས་གོང་གི་རྒྱལ་ཁབ་རྣམས་ཀྱི་ཉེན་བརྡ་ལ་མ་བལྟོས་པར་ད་རུང་ཡང་ཡུལ་སྐོར་བ་རྣམས་ཡོང་ཆོག་ཚུལ་བརྗོད་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༡༠༠༤ ཀློག་གྲངས།