བོད་ནང་དངོས་དོན་རྟོག་ཞིབ་སྐུ་ཚབ་ཐེངས་༤ ཕེབས་པའི་པར་རིས་འགྲེམས་སྟོན་འགོ་འཛུགས།

ཟླ་༨ པའི་ཚེས་༩ ཉིན་ཕྱི་ལོ་༡༩༧༩ ལོར་བཙན་བྱོལ་ནས་བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་སྐུ་ཚབ་ཚོགས་ཆུང་ཐེངས་དང་པོ་ཕེབས་ཡོད་པ་དང་། དེའི་རྗེས་སུ་ཐེངས་གསུམ་ཕེབས་ནས། ད་བར་ལོ་ངོ་༤༠ འཁོར་བའི་དུས་དྲན་དང་སྦྲགས་ནས། པར་རིས་འགྲེམས་སྟོན་དང་གཏམ་བཤད་མཛད་སྒོ་ཞིག་དྷ་སར་མེག་གྷན་དུ་རྟེན་གཞི་བྱས་པའི་ཕྱི་འབྲེལ་བོད་ཀྱི་འགྲེམས་སྟོན་ཁང་དུ་འཚོགས་སོང་བ་དང་། དེ་གར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་དང་། དམིགས་བསལ་སྐུ་མགྲོན་རྟོག་ཞིབ་ཚོགས་ཆུང་ཐེངས་དང་པོའི་ནང་གི་ཚོགས་མི་ཆེས་མཐོའི་ཁྲིམས་ཞིབ་པ་ཟུར་པ་བློ་བཟང་དར་རྒྱས་ལགས། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་བཅས་གཙོས་པས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཕེབས་འདུག

བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས། བོད་ནང་དངོས་དོན་རྟོག་ཞིབ་སྐུ་ཚབ་ཚོགས་ཆུང་ཕེབས་ནས། བོད་ནང་གི་དངོས་ཡོད་གནས་སྟངས་དང་བོད་མིའི་རེ་འདུན་སོགས་གསལ་པོ་ཆགས་ཡོད་པས་ལོ་རྒྱུས་ཐོག་ནས་གནད་དོན་དེ་གལ་འགངས་ཆེན་པོ་ཡིན་པས། དེ་རྗེས་དྲན་བྱེད་ཆེད་དུ་སྐུ་ཚབ་ཐེངས་བཞི་ཕེབས་པའི་པར་རིས་རྣམས་ཟླ་བ་༣ རིང་། འགྲེམས་སྟོན་ཁང་དུ་དུས་ཐུང་འགྲེམས་སྟོན་བྱེད་རྒྱུ་ཡིན་སྐོར་གསུངས་སོང་།

ཕྱི་ལོ་༡༩༨༠ ལོའི་ཟླ་༥ པའི་ནང་རྟོག་ཞིབ་སྐུ་ཚབ་ཚོགས་ཆུང་ཐེངས་གཉིས་པའི་ཁོངས་ཀྱི་བཀའ་ཁྲི་ཟུར་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། དེ་བཞིན་སྤྱི་ཟུར་ཚེ་རིང་རྡོ་རྗེ་ལགས་གཉིས་ཀྱིས་བརྙན་ཐུང་ནང་དུ། སྐུ་ཚབ་ཐེངས་གཉིས་པ་ཕེབས་པའི་ལོ་རྒྱུས་དང་། སྐབས་དེར་བོད་ནང་གི་བོད་མིའི་འགོ་ཁྲིད་དང་རྒྱ་ནག་གི་འགོ་ཁྲིད་ཐུག་འཕྲད་བྱས་ཚུལ། བོད་ནང་དུ་དངོས་ཡོད་གནས་སྟངས་སེམས་སྐྱོ་དགོས་པ་མཐོང་བ་སོགས་ཀྱི་སྐོར་ལ་གསུངས་པ་ཞིག་བསྟན་སོང་།

ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། བོད་ནང་དངོས་དོན་རྟོག་ཞིབ་སྐུ་ཚབ་ཚོགས་ཆུང་ཕེབས་ནས། བོད་ནང་གི་དངོས་ཡོད་གནས་སྟངས་གསལ་པོ་ཆགས་ཡོད་པ་དང་། དུས་སྐབས་དེའི་རིང་གཞིས་བྱེས་གཉིས་བར་ལོ་ངོ་༢༠ ཡི་རྗེས་སུ་ཕར་འགྲོ་ཚུར་འོང་དང་ཐུག་འཕྲད། གནས་སྟངས་རྒྱུས་ལོན་བྱེད་ཐུབ་པ་བྱུང་ཡོད་སྐོར་གསུངས་སོང་།

སྐུ་ཚབ་ཐེངས་དང་པོའི་ཚོགས་མི་ཆེས་མཐོའི་ཁྲིམས་ཞིབ་པ་ཟུར་པ་བློ་བཟང་དར་རྒྱས་ལགས་ཀྱིས། སྐུ་ཚབ་ཐེངས་དང་པོ་ཕེབས་སྐབས། བོད་ནང་གི་ས་ཁུལ་གང་མང་ལ་ཕེབས་ཐབས་བྱས་ཡོད་པ་དང་། སྐབས་དེར་བོད་མི་རྣམས་ཀྱིས་དགའ་བསུ་ཧ་ཅང་ཆེན་པོ་ཞུས་པས། རྒྱ་ནག་གཞུང་ཧང་སང་དགོས་པ་ཆགས་ཡོད་པ། སྐབས་དེར་བོད་ནང་གི་གནས་སྟངས་སྐོར་དང་། དུས་སྐབས་དེའི་བརྙན་པར་མང་པོ་ཞིག་བླངས་ཡོད་པས། དེ་དག་ཉར་ཚགས་ཡག་པོ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཐེངས་འདིའི་མཛད་སྒོ་འདི་ཆུང་ཆུང་ཡིན་ཡང་། ལོ་རྒྱུས་ཐོག་ནས་གལ་གནད་ཆེན་པོ་ཡིན་པ་ལྟར། གཞུང་འབྲེལ་མིན་པའི་སྐུ་ཚབ་མང་པོ་ཕེབས་པ་དེར་བཀའ་དྲིན་ཆེ་ཞུས་ནས། མི་རབས་རྒན་པ་རྣམས་རྫོགས་འགྲོ་བཞིན་པ་དང་བསྟུན། ཁོང་རྣམ་པའི་བོད་དོན་ཐད་སྐུ་ལས་བསྐྱོན་པའི་ལོ་རྒྱུས་ཀྱི་དཔང་པོ་རྣམས་ཉར་ཚགས་ཡག་པོ་བྱེད་རྒྱུ་གལ་ཆེན་ཆགས་ཡོད་པ་དང་། གཞོན་སྐྱེས་ཚོས་ལོ་རྒྱུས་རྣམས་ཤེས་རྒྱུ་གལ་ཆེན་ཡིན་སྐོར་དང་། སྐུ་ཚབ་ཚོགས་ཆུང་རྣམས་བོད་དུ་ཕེབས་སྐབས་བོད་ནང་གི་བོད་མི་ཚོའི་སྡུག་བསྔལ་དང་། རྒྱ་ནག་གི་གཏོར་བཤིག་སོགས་གསལ་པོ་ཆགས་ཡོད་པ་དང་། སྐབས་དེར་རྒྱ་ནག་གིས་བོད་ཆོལ་ཁ་གསུམ་པོར་གཅིག་མཚུངས་ཀྱིས་མནར་གཅོད་དང་གཏོར་བཤིག་བཏང་ཡོད་པ་དང་། སྐུ་ཚབ་ཚོགས་ཆུང་ནང་ལའང་ཆོལ་གསུམ་སྐུ་ཚབ་བཏང་ཡོད་པ། དེ་བཞིན་བོད་ནང་བོད་མི་རྒན་གཞོན་བར་གསུམ་གྱིས་རང་ལུས་མེར་སྲེག་བཏང་ཡོད་པས། དེ་ལས་བོད་ནང་གི་བོད་མི་ཚོའི་སེམས་ཤུགས་དང་ད་ལྟ་ཡང་སྡུག་བསྔལ་མྱོང་བཞིན་ཡོད་པ་གསལ་པོ་ཆགས་ཡོད་སྐོར་གསུངས་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༣༣༩ ཀློག་གྲངས།