སྐབས་དང་པོའི་བོད་ཀྱི་ན་གཞོན་གཟེངས་རྟགས་འཆི་མེད་ལྷ་མོར་ཐོབ་པ།

ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༩ ཉིན་གྱི་དགོང་མོ་དྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ། རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་བོད་ཀྱི་ན་གཞོན་ཤེས་འཇོན་ལྷག་བསམ་ལྡན་པ་ལ་གཟེངས་རྟགས་ཕུལ་བའི་མཛད་སྒོ་འཚོགས་སོང་།

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་དང་། དྷ་ས་ས་གནས་འགོ་འཛིན། སྨན་རྩིས་ཁང་གི་འགན་འཛིན་སོགས་དབུ་ཁྲིད་རྣམ་པ་དང་། དྷ་སའི་ཉེ་འཁོར་གྱི་སེར་སྐྱ་མི་མང་དང་། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་དགེ་སློབ་བཅས་མཉམ་ཞུགས་བྱས་ཡོད་པ་རེད།

སྐབས་དང་པོའི་བོད་ཀྱི་ན་གཞོན་གཟེངས་རྟགས་དེ་ཁ་ན་ཊ་ནས་ཡོང་བའི་ན་གཞོན་འཆི་མེད་ལྷ་མོ་ལ་ཐོབ་ཡོད་པ་དང་། ཁོང་གིས་གཟེངས་རྟགས་ཐོབ་པའི་མྱོང་ཚོར་དང་འབྲེལ་བའི་གཏམ་བཤད་སྐབས། “སྤྱི་ཚོགས་ནང་ང་གདོང་པ་གསར་པ་ཡིན་པས། ངའི་ལས་ཀ་དེ་བྱས་ཚར་བ་ལས་བྱེད་རྒྱུ་མང་བ་བསྡད་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་རིང་འདིར་ཉམས་མྱོང་དེ་བསགས་ནས་སེམས་ཤུགས་ཞེ་དྲག་འཕར་སོང་། ང་རང་ངོས་ནས་གང་ཡོང་ཅི་ཡོང་དང་། གང་ཐུབ་ཐུབ་ཀྱིས་ན་གཞོན་ཚོའི་མིག་དཔེ་ལྟ་ས་ཞིག་འཇོག་ཐུབ་པའི་འབད་བརྩོན་བྱེད་རྒྱུ་ཡིན”ཞེས་བརྗོད་པའི་ཐོག བོད་ཀྱི་འཆམ་མཐུན་རྡོག་རྩ་ཆིག་སྒྲིལ་ཐད་ལ་ཁོང་གིས་བོད་ཀྱི་ཆོལ་ཁ་གསུམ་པོ་ནི་ཨ་མ་གཅིག་གི་བུ་མོ་སྤུན་གསུམ་ལྟར་ཡིན་པ་དང་། བུ་མོ་སྤུན་གསུམ་གྱི་ཨ་མ་བོད་ཡིན་ཚུལ་བཤད་པ་མ་ཟད། “ང་ཚོའི་ལས་འགན་གཙོ་བོ་དེ་གཞོན་སྐྱེས་ནང་ལ་བོད་གལ་ཆེན་པོ་རེད་བསམ་པའི་ཚོར་བ་དེ་སྐྱེ་རྒྱུ་དང་། ནུས་པ་ཆེ་རུ་གཏོང་བའི་ཐབས་ཤེས་བྱེད་དགོས”སྐོར་བརྗོད་སོང་།

ཐེངས་འདིའི་མཛད་སྒོ་འདིའི་ཐོག་ཏུ་བསྟན་འཛིན་དབྱངས་ཅན་ལས་དོན་གྱི་རྐྱེན་པས་ཕེབས་མ་ཐུབ་པ་མ་གཏོགས། གཞན་ན་གཞོན་འོས་མི་བཞི་ཀ་ཕེབས་འདུག གཟེངས་རྟགས་ལག་ཁྱེར་དང་ཧིན་སྒོར་འབུམ་གཅིག་སྤྲད་ཡོད་པ་དང་། ཚོང་ལས་སྡེ་ཚན་ནོར་རྒྱས་དང་། སྨན་བླ། མན་ཊར་བཅས་ཀྱིས་མཐུན་རྐྱེན་སྦྱར་ཡོད་པ་རེད།

ན་གཞོན་གཟེངས་རྟགས་ཀྱི་འོས་མི་ཐོག་མར་ངོས་འཛིན་ཡོད་པའི་སློབ་མའི་ཚོགས་པ་ཁག་གི་ངོས་ནས་མ་མཐའི་ཆ་རྐྱེན་ཁག་བཞི་སྟེ། ༡) བོད་རིགས་གཙང་མ་ཡིན་པའི་ངོས་འཛིན་རང་བཙན་ལག་དེབ་དགོས་པ། ༢) ཤེས་ཚད་དམའ་མཐར་གཞི་རིམ་གོང་མ་ཐོན་པ། ༣) ལོ་ན་༡༨ ནས་༣༥ བར་ཡིན་པ། ༤) སྤྱི་ཚོགས་ནང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་བསྐྲུན་མཁན་ཞིག་ཡིན་དགོས་པ་བཅས་ཚང་བའི་འོས་མི་གཉིས་རེ་མཚམས་སྦྱོར་བྱས་ཏེ། དེའི་ནང་ནས་མཚམས་སྦྱོར་མང་ཤོས་ཐོབ་མཁན་གྱི་མི་སྣ་ལྔ་འདེམས་སྒྲུག་བྱས་ཏེ། ལོ་རྒྱུས་དང་བཅས་པ་སྤྱི་ཚོགས་དྲ་ལམ་ཁག་ཏུ་སྤེལ་ཏེ་བརྒྱ་ཆ་༡༠༠ ནས་༣༠ མི་མང་གིས་དྲ་ཐོག་ནས་འོས་འཕངས་སྟེ་སྤྲད་ཡོད་པ་དང་། མི་ལྔ་ལས་གྲུབ་པའི་དམིགས་བསལ་འདེམས་སྒྲུག་ཚོགས་ཆུང་གིས་བརྒྱ་ཆ་༧༠ སྤྲད་ནས་འཆི་མེད་ལྷ་མོ་ཐོབ་པ་རེད་འདུག  །

གསར་འགོད་པ་དཀོན་མཆོག་རབ་བརྟན།

Share this:
༡༥༤༦ ཀློག་གྲངས།