གོ་སྐབས་གང་ཡོད་འཆོར་མི་རུང་།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༦༣  ཕྱི་ལོ་ ༢༠༡༩/༨ /༧

ད་ལྟའི་ཆར་ཨ་རི་དང་རྒྱ་ནག་གཉིས་ཀྱི་ཚོང་དམག་ཧ་ཅང་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཡང་ཉིན་རེ་ནས་ཉིན་རེ་བཞིན་སྤང་ལ་མེ་མཆེད་པ་བཞིན་ཛ་དྲག་ནས་དྲག་ཏུ་འགྲོ་བཞིན་ཡོད། ཉེ་བའི་ཉིན་ཤས་རིང་ཨ་རིའི་སྤྱི་མཐུན་ཚོགས་པ་དང་། མང་གཙོ་ཚོགས་པ་ཐུན་མོང་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་དྲུག་སྐུ་འཁོར་སུམ་ཅུ་ལྷག་བཙན་བྱོལ་བོད་གཞུང་ངམ། བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་དྷ་རམ་ས་ལར་ཆེད་ཕེབས་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ལ་རྒྱུས་ལོན་བྱ་རྒྱུ་དང་བོད་མི་ཚོར་རོགས་རམ་བྱེད་དགོས་པ་ག་རེ་ཡོད་མེད་ཆེད་དུ་ཕེབས་པ་ཡིན་ཞེས་གསུངས་ཡོད་པ་རེད། གནད་དོན་དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་གི་ཡིག་ཚང་གི་གནས་སྟངས་དང་། ལས་བྱེད་ག་ཚོད་ཙམ་ཡོད་མེད། ཉིན་རེའི་འཛིན་སྐྱོང་གི་ལས་དོན་ཁག་ཚགས་ཚུད་ཡོད་མེད་ཙམ་དང་། བཙན་བྱོལ་བོད་མི་རྣམས་ཀྱི་འཚོ་ཐབས་ཡར་རྒྱས་ཆེད་རོགས་དངུལ་ཆུང་ཙག་ཁག་ཅིག་གནང་རྒྱུ་ཙམ་ལ་གོ་བ་གཏན་ནས་ལེན་མི་འོས་པ་ཞིག་རེད།

བོད་མིའི་སྒྲིག་འཛུགས་ལ་རྒྱུས་ལོན་བྱ་རྒྱུ་དེ་ཡང་མ་འོངས་པར་ཕུགས་རྒྱང་རིང་པོའི་ཐོག་ནས་རྒྱ་དམར་གཞུང་དང་མཉམ་དུ་འཐབ་རྩོད་བྱ་རྒྱུའི་དམིགས་ཡུལ་ཡོད་མེད་དང་། ད་ལྟའི་ཆར་རྒྱ་དམར་གཞུང་ལ་ཐད་ཀར་གནོན་ཤུགས་སྤྲོད་ཐུབ་པའི་ལས་འཆར་གལ་གནད་ཆེན་པོ་ཡོད་མེད་རྒྱུས་ལོན་བྱ་རྒྱུ་དེ་དམིགས་འབེན་གཙོ་བོར་བཟུང་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་དགོས། ད་དུང་བོད་མི་རྣམས་ལ་མཚོན་ན་གནས་སྐབས་ཀྱི་ཟས་གོས་ཙམ་མ་ཡིན་པར། ཕུགས་རྒྱང་རིང་པོའི་ཐོག་ནས་རང་མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་དང་། རྩ་དོན་འཐབ་རྩོད་ཀྱི་བསམ་བློ་ངེས་གཏན་ཞིག་གི་ཆེད་དུ་ཨ་རིའི་གཞུང་ནས་རོགས་རམ་དང་མཐུན་འགྱུར་ཐུབ་པ་ག་རེ་ཡོད་མེད་གཟིགས་རྟོག་བྱ་རྒྱུ་ཡིན་པ་ཞིག་ལ་ངོས་འཛིན་བྱེད་དགོས་པ་ལས། སྐྱབས་བཅོལ་དུ་འབྱོར་ནས་མི་ལོ་དྲུག་ཅུ་འགོར་ཞིང་། སྐྱབས་བཅོལ་འདྲ་འདྲའི་ནང་ནས་མི་འདྲ་བ་ཡིན་པའི་སྤོབས་ཉམས་ཕྱོགས་གང་སར་སྒྲོག་པའི་ང་ཚོ་ལ་མཚོན་ན། ད་དུང་ཡང་ཟས་གོས་གནས་མལ་གྱི་དཀའ་ངལ་ཙམ་ལས་ཐར་མེད་པའི་བསམ་བློ་དེ་ཡོད་མི་རུང་བ་ཞིག་ཏུ་གྱུར་ཡོད། 

ད་ལྟའི་གཟིགས་སྐོར་འདི་ལྟ་བུའི་སྐབས་རོགས་དངུལ་ཙག་ཙིག་རིགས་དང་། རྒྱ་གཞུང་གི་འོག་ཏུ་སྡོད་པར་ཐབས་ལམ་ག་འདྲ་དགོས་མིན་ཙམ་མ་ཡིན་པར། མི་ལོ་༦༠ རང་དབང་མང་གཙོའི་ལུང་པའི་ནང་བསྡད་པའི་ཉམས་མྱོང་དང་གོམས་གཤིས་གཞི་རྩར་བཞག་ནས། གཞིས་བྱེས་བོད་མི་རྣམས་ཀྱི་མ་འོངས་པར་མདུན་ལམ་དེ་རྒྱ་དམར་དྲག་པོའི་གཞུང་གི་འོག་ཏུ་སྡོད་རྒྱུ་ཁོ་ན་མ་ཡིན་པར། བསམ་བློ་འདྲ་མིན་དང་ཐབས་ལམ་འདྲ་མིན། རེ་བ་འདྲ་མིན་འཆང་ཆོག་པ་དང་། དེ་གཞི་རྩར་བཞག་ནས་འཐབ་རྩོད་ཀྱི་འཆར་གཞི་དང་ཕུགས་བསམ་བཅས་ཀྱང་མདུན་བསྐྱོད་བྱེད་ཐབས་དང་། དེ་ལ་ཨ་རིའི་སྲིད་གཞུང་གིས་རྒྱབ་སྐྱོར་ག་རེ་གནང་ཐུབ་མིན། ཕུགས་ཀྱི་ཐོག་ནས་རྒྱབ་སྐྱོར་དང་། འཕྲལ་གྱི་ཐོག་ནས་རྒྱབ་སྐྱོར་སོགས་དགོས་མཁོ་དང་ཁེ་ཕན་ལ་གཞིགས་ནས་ཞུ་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད། རྒྱ་དམར་གཞུང་གིས་དམིགས་འབེན་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱ་རྒྱུ་དང་། ༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་བྱ་རྒྱུ་དེ་གཙོ་བོ་ཡིན་པས། དེ་གཉིས་ནི་རྒྱ་གཞུང་གི་ཁུར་པོ་ཆེ་ཤོས་སུ་གྱུར་ཡོད་པ་དེ་གསལ་པོ་རེད། 

དེར་བརྟེན་༧གོང་ས་མཆོག་གིས་ཀུན་ཕན་བྱམས་བརྩེ་དང་འབྲེལ་བའི་ཐོག་ནས་མི་དཀྱུས་མ་ཞིག་གི་བསམ་བློའི་ནང་ཤོང་དཀའ་བའི་རླབས་ཆེན་གྱི་དགོངས་གཞི་ག་འདྲ་ཞིག་བཟུང་ཡང་། རྒྱ་དམར་གཞུང་གིས་དེ་ལ་ལོག་བཤད་དང་སྐུར་འདེབས་ཁོ་ན་ལས་ཉན་ཤེས་བྱེད་རྒྱུའི་འཆར་གཞི་མེད་པ་དེ་ཕྱིའི་རྣམ་པའི་ཐོག་ནས་བལྟས་ན་གསལ་པོ་རེད། མ་འོངས་པར་ཡང་༧གོང་ས་མཆོག་གི་དགུང་ནའི་བབས་སོགས་ཕྱོགས་གང་ནས་བལྟས་ཀྱང་། ད་དུང་ཡང་རྒྱ་གཞུང་གིས་བསམ་ཤེས་བྱེད་པའི་རེ་བ་གང་ཡང་མེད་པ་ལྟ་བུར་མཐོང་གི་འདུག འོན་ཀྱང་མ་འོངས་པ་ལ་གོ་རིམ་མེད་ཅེས་པ་ལྟར་ཐག་བཅད་ནས་བཤད་མི་ཤེས་ནའང་། གོང་དུ་བརྗོད་པ་ལྟར་རྒྱ་གཞུང་གི་བྱེད་སྟངས་དང་བསམ་བློ་རགས་ཙམ་རྟོགས་ཐུབ་པ་ཞིག་རེད། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་ཀྱང་། ཟས་གོས་གནས་མལ་ལ་བསམ་བློ་གཏོང་བ་ཙམ་མ་ཡིན་པར། རྩ་དོན་འཐབ་རྩོད་དང་བུ་རབས་ཚ་བརྒྱུད་རྣམས་ཀྱི་མ་འོངས་པའི་མདུན་ལམ་ཐོག་ལ་བསམ་བློ་བཏང་སྟེ་རྒྱ་ཆེ་ས་ནས་གྲ་སྒྲིག་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད། 

མདོར་ན་རྒྱ་དམར་གཞུང་གི་འོག་ཏུ་མགོ་བསྒུར་ནས་བསྡད་ན་གནས་སྟངས་ག་འདྲ་ཙམ་ཞིག་ཡོང་རྒྱུ་ཡོད་མེད་ནི་དེ་རིང་ཁ་སང་ཧོང་ཀོང་གི་གནས་སྟངས་ལ་བལྟས་ན་ཤེས་ཐུབ། བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང་གྲ་སྒྲིག་ཕུགས་རྒྱང་རིང་པོའི་ཐོག་ནས་གནང་དགོས། དེ་ཡང་༧གོང་ས་མཆོག་གི་ལམ་སྟོན་གདམས་ངག་ཟབ་མོ་“རེ་བ་བཟང་ས་ནས་བརྒྱབ། གྲ་སྒྲིག་སྡུག་ས་ནས་བྱེད་”ཅེས་གསུངས་པ་བཞིན། ང་ཚོས་རྩ་དོན་འཐབ་རྩོད་ཀྱི་ངོས་ནས་ཀྱང་རེ་བ་བཟང་ས་ནས་རྒྱག་དགོས་པ་དང་། གྲ་སྒྲིག་སྡུག་ས་ནས་བྱེད་མ་ཐུབ་ན་བོད་པའི་འཐབ་རྩོད་དེ་འཇའ་ཡལ་བ་ལྟ་བུར་འགྱུར་རྒྱུ་དང་། བོད་མི་སྐྱབས་བཅོལ་བ་རྣམས་ཀྱང་ཟས་གོས་གནས་མལ་གྱིས་མ་འགྲིག་པར་སྐྱབས་བཅོལ་དུ་སླེབས་པ་ལྟ་བུར་གྱུར་ནས། མ་འོངས་པར་བུ་ཚ་ཕྱི་རབས་པ་རྣམས་ནི་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་འཐིམ་རྒྱུ་ཉག་གཅིག་ཏུ་གྱུར་ཡོད། གནས་སྟངས་དེ་དག་ལ་བརྟེན་ནས་རང་ས་རང་གིས་ལེན་ཐབས་དང་། རྩ་དོན་འཐབ་རྩོད་ཀྱི་ཐོག་ལ་རོགས་རམ་འཚོལ་སྒྲུབ་སོགས་ཀྱི་གོ་སྐབས་ཆེ་ཆུང་ག་རེ་ཡོད་ཀྱང་འཆོར་མི་རུང་བར་དམ་འཛིན་དགོས་པ་ཧ་ཅང་གལ་ཆེ།།

Share this:
༥༤༨ ཀློག་གྲངས།