ནད་ཡམས་ཨེ་བྷོ་ལའི་བཅོས་ཐབས་གསར་རྙེད། 

ཟླ་འདིའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས། ད་ལྟའི་ཆར་འཛམ་གླིང་གི་ཆེས་འཇིགས་སུ་རུང་བའི་ནད་ཡམས་ཏེ། ཨེ་བྷོ་ལ་(Ebola) བཅོས་པའི་ཐབས་ལམ་གསར་པ་རྙེད་ཡོད་པ་དང་། བཅོས་ཐབས་དེ་ལ་བསྟེན་ནས་ནད་པ་རྣམས་གསོན་པའི་རེ་བ་བརྒྱ་ཆ་༩༠ ཙམ་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་མཉམ་འབྲེལ་རྒྱལ་ཁབ་ནད་ཡམས་ལྟ་སྐྱོང་ཚོགས་པས་ན་ནིང་ཕྱི་ཟླ་༡༡ ནས་བཟུང་ནད་ཡམས་ཨེ་བྷོ་ལ་ཁྱབ་གདལ་ཆེན་པོ་བྱུང་སའི་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁོན་གྷོ་(Congo) ནང་སྨན་རྫས་མི་འདྲ་བ་བཞི་ཚོད་ལྟ་བྱས་པ་ལས། གཉིས་ཀྱིས་ནུས་པ་ཆེན་པོ་ཐོན་ནས་ནད་པ་རྣམས་གསོན་པའི་རེ་བ་བརྒྱ་ཆ་༩༠ ཙམ་བྱིན་པས།  འཕྲོད་བསྟེན་འབྲེལ་མི་སྣ་དག་གིས་ད་ནས་བཟུང་སྨན་རྫས་དེ་བཀོལ་ཏེ་ཨེ་བྷོ་ལའི་ནད་པ་རྣམས་བཅོས་ཀྱི་ཡིན་ཚུལ་སྨྲས་པ་དང་། ཚོད་ལྟའི་སྨན་རྫས་གཞན་གཉིས་པོ་སྤྱོད་མཚམས་བཞག་འདུག 

གསར་དུ་བཟོས་པའི་སྨན་རྫས་ཀྱི་མིང་ལ་”REGN-EB3” དང་། “mAB114” ཞེས་ཟེར་ཞིང་། ཨེ་བྷོ་ལའི་ནད་ཡམས་ལས་ཐར་བའི་མི་རྣམས་ཀྱི་འགོག་སྲུང་ནུས་པ་(Antibodies) བསྡུ་རུབ་བྱས་ཏེ་བཟོས་པ་ཞིག་ཡིན་འདུག དེ་གཉིས་ཀྱིས་ཨེ་བྷོ་ལའི་ནད་འབུ་ལ་ཕར་རྒོལ་བྱས་ཏེ་ནད་འབུ་དེས་འགྲོ་བ་མིའི་ཕྲ་ཕུང་ལ་ཐེབས་པའི་ཤུགས་རྐྱེན་མེད་པར་གཏོང་གི་ཡོད་འདུག 

ད་ལྟ་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁོན་གྷོའི་ནང་ཁྱབ་གདལ་དུ་འགྲོ་བཞིན་པའི་ཨེ་བྷོ་ལའི་ནད་ཡམས་ལ་བརྟེན་ནས་མི་༡,༨༠༠ ཤི་ཡོད་པས། ལོ་རྒྱུས་ཁྲོད་ཨེ་བྷོ་ལས་མི་བསད་པའི་གྲངས་འབོར་ཆེ་ཤོས་གཉིས་པ་དེ་ཆགས་ཡོད་འདུག

གསར་དུ་རྙེད་པའི་སྨན་རྫས་དེ་དང་འབྲེལ་བའི་ཐད་ལ། མཉམ་འབྲེལ་རྒྱལ་ཁབ་ནད་ཡམས་ལྟ་སྐྱོང་ཚོགས་པའི་འགན་འཛིན་ཨེན་ཐི་ནི-ཧྥ་སི་(Dr Anthony Fauci) ཡིས་“མཐོང་གསལ་ལྟར། འདི་ནི་གལ་འགངས་ཤིན་ཏུ་ཆེ་བའི་གོམ་པ་ཞིག་རེད་”ཅེས་བརྗོད་པ་མ་ཟད། “སྨན་རྫས་གསར་པ་དེ་གཉིས་ནི་ཡང་དག་པའི་ཚན་རིག་ཞིབ་འཇུག་འོག་ཕན་ནུས་མངོན་གསལ་དོད་པོ་ལྡན་པ་སྨན་རྫས་ཐོག་མ་དེ་ཆགས་ཡོད་”ཅེས་བཤད་འདུག་པས། མི་འགྱང་བར་སྐྱི་གཡའ་བའི་ནད་ཡམས་དེ་ཡོངས་སུ་བཅོས་པ་དང་སྔོན་འགོག་ཐུབ་པའི་རེ་བ་ཤིན་ཏུ་ཆེན་པོ་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༡༠༢༠ ཀློག་གྲངས།