རྒྱ་གཞུང་གིས་ཧོང་ཀོང་གི་ངོ་རྒོལ་བ་ཚོས་འཇིགས་སྐུལ་རིང་ལུགས་པའི་རྣམ་པ་སྟོན་གྱི་འདུག་ཟེར།

ཧོང་ཀོང་གི་སློབ་མ་གཙོས་པའི་མི་མང་ལས་འགུལ་བ་ཚོས། དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དང་འབྲེལ་ནས། ཉེན་རྟོག་པའི་དྲག་སྤྱོད་ལ་ཞིབ་འཇུག། སྤྱི་ཁྱབ་དཔོན་རྩ་དགོངས་ཞུ་དགོས་པའི་དགོས་འདུན་དང་དེར་རང་དབང་གི་འོས་བསྡུ་དགོས་པའི་དགོས་འདུན་སོགས་ཀྱི་ཐོག་ནས། ཉེན་རྟོག་པའི་ཆོག་མཆན་སྤྲད་མིན་ལ་མ་ལྟོས་པར་ངོ་རྒོལ་ལས་འགུལ་བསྟུད་མར་སྤེལ་བཞིན་པ་དང་བསྟུན། རྒྱ་ནག་གཞུང་གིས་ལས་འགུལ་བ་ཚོས་འཇིགས་སྐུལ་རིང་ལུགས་པའི་རྣམ་པ་སྟོན་གྱི་ཡོད་སྐོར་བརྗོད་འདུག་པ་དང་། ཉེས་འཛུགས་དེ་ནི་མ་འོངས་པར་དྲག་གནོན་བྱེད་པར་སྙད་གདོགས་བྱེད་བེད་སྤྱོད་གཏོང་སྲིད་པའི་སེམས་འཚབ་བྱེད་མཁན་མང་པོ་ཡོད་འདུག 

ཟླ་༨ པའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཧོང་ཀོང་ནང་སློབ་མ་གཙོས་པའི་མང་གཙོའི་ལས་འགུལ་བ་ཚོས་ཐོག་མར་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་ལས་འགུལ་སྤེལ་འགོ་བཙུགས་སྐབས། རྒྱ་ནག་སྐམ་ས་ཆེན་མོའི་ནང་དྲ་རྒྱ་དོ་དམ་ཞིབ་བཤེར་ཚགས་ཚུད་ཡོད་རྐྱེན། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་སྐོར་དྲ་ཐོག་དང་བརྙན་འཕྲིན་སོགས་ཀྱི་ཐོག་ཏུ་མཐོང་རྒྱུ་མེད་འདུག་ཀྱང་། ཟླ་༦ པའི་ཚེས་༡༢ ཉིན་ནས་འགོ་འཛུགས་ཀྱིས་ལས་འགུལ་བ་ཚོས་ཧོང་ཀོང་གི་གྲོས་ཚོགས་ནང་དུ་འཛུལ་ནས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པའི་གནས་ཚུལ་རྣམས། རིམ་བཞིན་རྒྱ་ནག་སྐམ་ས་ཆེན་མོའི་དྲ་ལམ་དང་བརྙན་འཕྲིན་ཁག་གི་ཐོག་ཏུ་ཁྱབ་སྤེལ་བཏང་འདུག་པ་དང་། ཐོག་མར་ལས་འགུལ་བ་རྣམས་ནི་དྲག་སྤྱོད་མི་ཚོགས་ཡིན་ཁར། གནས་སྟངས་ཚབས་ཆེ་རུ་གཏོང་མཁན་ནི་ཁོ་ཚོ་ཡིན་པའི་གནས་ཚུལ་སྤེལ་གྱི་ཡོད་འདུག རྗེས་སུ་ཧོང་ཀོང་ནང་གི་ངོ་རྒོལ་ལས་འགུལ་ནང་ཨ་རི་དང་རྒྱལ་སྤྱིའི་རྒྱལ་ཁབ་གཞན་ཚོས་ཐེ་བྱུས་བྱས་ཏེ། རྒྱ་ནག་ལ་གནོད་སྐྱེལ་ཆེད་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་འདུག 

དེ་ནས་ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་ཡོད་པ་དང་བསྟུན། ལས་འགུལ་བ་རྣམས་ཉེས་ཅན་པ་དང་ཁ་བྲལ་རིང་ལུགས་པ་ཡིན་པ་དང་། ཁོ་ཚོས་ཧོང་ཀོང་གི་མང་གཙོ་དང་ཉེན་རྟོག་པའི་དྲག་སྤྱོད་ལ་ཞིབ་འཇུག་དགོས་པའི་དགོས་འདུན་བཏོན་པའི་སྐོར་གང་ཡང་མ་བཤད་པར། དེ་དག་གི་ཧོང་ཀོང་གི་རང་བཙན་རྩོད་ཀྱི་ཡོད་པའི་གནས་ཚུལ་སྤེལ་ཡོད་འདུག དེ་ཡང་རྒྱ་ནག་གཞུང་གིས་སྐམ་ས་ཆེན་མོའི་ནང་ཕྱོགས་གཅིག་གི་དྲང་བདེན་མ་ཡིན་པའི་གནས་ཚུལ་ཁོ་ན་སྤེལ་ནས་བསྡད་ཁར། ཧོང་ཀོང་གཞུང་དང་ཉེན་རྟོག་པའི་ཐག་གཅོད་དང་བྱ་སྤྱོད་ལ་རྒྱབ་སྐྱོར་ཡོད་པའི་བསྒྲགས་གཏམ་སྤེལ་ཡོད་པ་རེད། 

འོན་ཀྱང་ཟླ་༨ པའི་ཚེས་༡༢ ཉིན་རྒྱ་ནག་གི་ཧོང་ཀོང་དང་མཱ་ཁའོ་ལས་དོན་ཁང་གི་མགྲིན་ཚབ་པས། ཧོང་ཀོང་གི་མཁྲེགས་འཛིན་ཅན་གྱི་ལས་འགུལ་བ་ཚོས། ཡང་ནས་ཡང་དུ་ཉེན་རྟོག་པར་ཉེན་ཁ་ཤིན་ཏུ་ཆེ་བའི་ལག་ཆ་བེད་སྤྱད་ནས་དྲག་རྒོལ་བྱས་ཡོད་པ་དང་། ཁོ་ཚོས་ཁྲིམས་འགལ་གྱི་ཚབས་ཆེན་དྲག་སྤྱོད་སྤེལ་ཡོད་པ་དང་བསྟུན། འཇིགས་སྐུལ་རིང་ལུགས་པའི་རྣམ་པ་སྟོན་འགོ་བཙུགས་ཡོད་པས། དེ་ནི་ཧོང་ཀོང་གི་གཞི་རྩའི་ཁྲིམས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་རྩིས་མེད་བཏང་བ་ཡིན་པ། དེ་ལ་བརྟེན་ནས་ཧོང་ཀོང་མི་སེར་རྣམས་ཀྱི་བདེ་འཇགས་དང་ཚེ་སྲོག་ལ་ཉེན་ཁ་བཟོ་ཡི་ཡོད་སྐོར་བརྗོད་འདུག 

ཧོང་ཀོང་གཞུང་གིས་ངོ་རྒོལ་དེ་ནི་དྲག་པོའི་ངོ་རྒོལ་ལས་འགུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག་ཀྱང་། རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་འཇིགས་སྐུལ་རིང་ལུགས་པའི་སྐད་ཆ་དེ་བེད་སྤྱད་ནས། ངོ་རྒོལ་ལས་འགུལ་བ་ཚོས་ཉེན་རྟོག་པ་གསོད་ཐབས་བྱས་ཡོད་པ་དང་། དེ་དག་ལ་འཇིགས་སྐུལ་རིང་ལུགས་པ་རྣམ་པ་ཡོད་པ་གསལ་པོ་ཡིན་པས། གཞུང་གིས་དྲག་གནོན་དགོས་སྐོར་གྱི་གནས་ཚུལ་སྤེལ་ཡོད་འདུག 

དཔྱད་བརྗོད་པ་ཁག་ཅིག་གིས། རྒྱ་ནག་གཞུང་གིས་ཡུ་གུར་དང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་འཇིགས་སྐུལ་རིང་ལུགས་པའི་ཉེན་ཁ་ཡོད་སྐོར་གྱི་སྙད་བཏགས་ནས་དྲག་གནོན་དང་དམ་དྲག་ཚབས་ཆེན་བྱས་དང་བྱེད་བཞིན་ཡོད་པས། གལ་ཏེ་མ་འོངས་པར་ཧོང་ཀོང་ལ་དྲག་གནོན་བྱེད་རྒྱུ་ཐག་གཅོད་བྱས་ཚེ། འཇིགས་སྐུལ་རིང་ལུགས་པའི་མིང་དེ་བེད་སྤྱོད་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག དེ་དང་བསྟུན་ནས་ཧོང་ཀོང་གི་ཉེ་འགྲམ་དུ་ཡོད་པའི་རྒྱ་ནག་གི་གྲོང་ཁྱེར་ཞིག་ཏུ། རྒྱ་ནག་སྐམ་ས་ཆེན་མོའི་དམག་མི་མང་པོ་ཞིག་སླེབས་པའི་གནས་ཚུལ་ཁྱབ་སྤེལ་བཏང་བ་དེ་ནི། བསམ་བློའི་ཐོག་ནས་གནོན་ཤུགས་སྤྲོད་ཐབས་ཤིག་ཡིན་པ་ལས། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ཐད་ཀར་དམག་མི་གཏོང་རྒྱུ་ཁག་པོ་ཡིན་སྐོར་བརྗོད་མཁན་ཡང་འདུག 

དེ་ཡང་ཧོང་ཀོང་གི་གནམ་ཐང་དུ་ངོ་རྒོལ་ལས་འགུལ་ཚོས་ལས་འགུལ་ཤུགས་ཆེན་སྤེལ་རྐྱེན། ཉིན་གཉིས་རིང་བསྟུད་མར་གནམ་གྲུ་ཚང་མ་ཕྱིར་འཐེན་བྱེད་དགོས་ཁེལ་ནས། རྒྱལ་སྤྱིའི་གནམ་གྲུའི་ཚོང་ལས་ཁང་རྣམས་ལ་ཨ་སྒོར་ས་ཡ་ཁ་ཤས་ཀྱི་གྱོང་གུན་ཕོག་འདུག་པ་དང་། ཚེས་༡༤ ཉིན་གནམ་གྲུ་རྣམས་སླར་ཡང་འགྲུལ་བཞུད་བྱེད་འགོ་བཙུགས་ཡོད་འདུག ཚེས་༡༣ ཉིན་གྱི་དགོང་མོར་ལས་འགུལ་བ་དང་ཉེན་རྟོག་པའི་བར་དྲག་པོའི་གདོང་ཐུག་བྱུང་ནས། ལས་འགུལ་བ་ཁག་ཅིག་འཛིན་བཟུང་བྱས་ཡོད་ཁར། ཚེས་༡༤ ཉིན་ཧོང་ཀོང་གི་མཐོ་རིམ་ཁྲིམས་ཁང་གིས། གལ་ཏེ་ལས་འགུལ་བ་ཚོས་གནམ་ཐང་དུ་ཁྲིམས་འགལ་གྱིས་ལས་འགུལ་སྤེལ་ཚེ་འཛིན་བཟུང་བྱེད་དགོས་པ་དང་། ངོ་རྒོལ་བ་རྣམས་བཙོན་འཇུག་བྱེད་སྲིད་པའི་བཀའ་རྒྱ་བཏང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༡༠༣༠ ཀློག་གྲངས།