ཨ་མདོ་རྔ་པའི་གྲྭ་པ་ཞིག་ལ་ཁྲིམས་ཐག་བཅད་འདུག

ཟླ་འདིའི་ཚེས་༡༤ ཉིན་དྷ་ས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་ཨ་མདོ་རྔ་པའི་གྲྭ་པ་ཞིག་ལ་ཁྲིམས་ཐག་བཅད་པ་དང་། གྲྭ་པ་གཞན་གཉིས་གང་དུ་བཙོན་འཇུག་བྱས་ཡོད་མེད་ཙམ་ཡང་ཤེས་རྟོགས་བྱུང་མི་འདུག  

དེ་ཡང་ཕྱི་ལོ་༢༠༡༩ ཟླ་༧ ཚེས་༣༠ ཡས་མས་ཤིག་ལ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཐམས་མཁས་ལ་རྒྱ་གཞུང་གིས་ལོ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ནག་ཉེས་ག་རེ་བཙུགས་ཡོད་མེད་དང་། ས་གནས་གང་དུ་ཡོད་མེད་སོགས་ཞིབ་ཕྲ་གང་ཡང་ཤེས་རྟོགས་མ་ཐུབ། ཁོང་འཛིན་བཟུང་གི་དུས་ཚོད་ལོ་སྔོན་མའི་ནང་ཡིན་པ་ཙམ་ལས་གསལ་པོ་ཤེས་རྟོགས་མེད་པ་དང་། ཁོང་ནི་རང་ལོ་༣༧ ཙམ་དང་། ལྷ་སྡེ་གོང་མའི་བློ་ཁོའི་བུ་ཡིན་པ་དང་། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས།  དེ་སྔོན་རྒྱ་གཞུང་གིས་སྒོ་བརྒྱབ་པའི་ནང་བསྟན་གཞོན་ནུའི་རིག་སློབ་ཁང་གི་སྐབས་གསུམ་པའི་མཐར་ཕྱིན་སློབ་མ་ཡིན་པ་དང་། རྗེས་སུ་མཚན་ཉིད་གྲྭ་ཚང་དུ་གཞུང་ཆེན་སློབ་སྦྱོང་གིས་དེང་སྐབས་དབུ་མའི་འཛིན་གྲྭར་སླེབས་ཡོད་འདུག

དེ་མིན་ཕྱི་༢༠༡༧ ལོའི་ལོ་མཇུག་ཙམ་ལ་རྔ་པ་རྫོང་སྤྲོ་ཚིགས་དགོན་པའི་གྲྭ་ཐུབ་པ། རང་ལོ་ ༣༢ ཡིན་པ་ཁོང་རྒྱ་གཞུང་གི་ཉེན་རྟོག་པས་མཚན་མོ་རང་ཤག་ནས་བཙན་ཁྲིད་བྱས་ཡོད་པ་དང་། དེ་ནས་བཟུང་ད་བར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཙམ་ཡང་ཤེས་རྟོགས་མེད་པར་ལྷག་འདུག ཁོང་ནི་སྤྲོ་ཚིགས་ཐང་བ་མའི་མགར་བ་ཚང་གི་ཡིན་པ་དང་། ཁོང་གི་ཕ་སྐལ་བཟང་ཡང་ཕྱི་ལོ་༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་བྱས་པའི་རྐྱེན་གྱིས་འཛིན་བཟུང་གིས་བཙོན་འཇུག་ལོ་ཐག་བཅད་མྱོང་ཡོད་འདུག ཐུབ་པ་ཆུང་ཆུང་སྐབས་ནས་སྤྲོ་ཚིགས་དགོན་པར་ཆོས་ཞུགས་བྱས་པ་དང་། ཕྱི་ལོ་༢༠༠༨ ཟླ་༣ ཚེས་༡༦ ཉིན་སྤྲོ་ཚིགས་ཡུལ་ཚོའི་ཐོག་ནས་ངོ་རྒོལ་སྐད་འབོད་དང་རྒྱའི་དར་དམར་མེར་སྲེག་བཏང་བའི་ཉེས་མིང་གཡོག་ནས་ལོ་༡ ཟླ་༦ ལ་ངལ་རྩོལ་བསྒྱུར་བཀོད་ཀྱི་མིིང་ཐོག་ནས་བཙོན་འཇུག་བྱས་ཡོད་འདུག

དེ་བཞིན་ཕྱི་ལོ་༢༠༡༨ ཟླ་༨ ཡས་མས་ཤིག་ལ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྡོ་རྗེ། རང་ལོ་༣༦ ཙམ་ཡིན་པ་ཁོང་མཚན་མོ་རང་ཤག་ནས་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་པ་དང་། དེ་ནས་བཟུང་ད་བར་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག ཁོང་ནི་རྔ་བ་རྫོང་ཕྱུགས་ལས་འགབ་མའི་ཕ་སངས་རིས་ཀྱི་བུ་ཡིན་པ་དང་། ཕྱི་ལོ་༢༠༡༡ ལོར་འཛིན་བཟུང་གིས་བཙོན་འཇུག་ལོ་གསུམ་བྱས་ཡོད་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༣༣༣ ཀློག་གྲངས།