བོད་མི་ཞིག་ཨ་རིའི་ངལ་རྩོལ་མཐུན་ཚོགས་ཞིག་གི་རྒྱུན་ལས་སུ་འདེམས་ཐོན།

ཨ་རིའི་ནང་གི་རྒྱལ་ཡོངས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་ཁག་གི་མི་མང་ངལ་རྩོལ་མཐུན་ཚོགས་ཀྱི་རྒྱུན་ལས་སུ། ཐེངས་དང་པོར་བོད་མི་ཞིག་འདེམས་ཐོན་བྱུང་འདུག

དེ་ཡང་ཟླ་༨ པའི་ཚེས་༡༡ ཉིན་ཨ་རིའི་རྒྱལ་ཡོངས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་ཁག་གི་མི་མང་ངལ་རྩོལ་མཐུན་ཚོགས་ཀྱི་ཚོགས་ཆེན་ཐོག་ཏུ། མི་ནི་སོ་ཀྲ་མངའ་སྡེར་གནས་སྡོད་བོད་མི་འཇིགས་མེད་ཨོ་རྒྱན་རྒྱུན་ལས་སུ་འདེམས་ཐོན་བྱུང་འདུག་པས། དྲ་ཐོག་ཏུ་དགའ་བསུ་ཆེན་པོ་ཞུ་བཞིན་འདུག ཁོང་ནི་མཐུན་ཚོགས་དེའི་རྒྱུན་ལས་སུ་འདེམས་ཐོན་བྱུང་མཁན་བོད་མི་ཐོག་མར་དང་མངའ་སྡེ་དེ་ནས་འདེམས་ཐོན་བྱུང་མཁན་ཡང་ཐོག་མ་དེ་ཆགས་ཀྱི་ཡོད་འདུག 

མཐུན་ཚོགས་( Asian Pacific American Labor Alliance) དེ་ནི་ཕྱི་ལོ་༡༩༩༢ ལོར་ཨ་རིའི་ནང་གི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་མི་མང་ངལ་རྩོལ་བ་རྣམས་ཀྱི་བདེ་སྡུག་ཆེད་དུ་བཙུགས་འདུག་པ་དང་། ལས་མི་དང་གནས་སྤོ་བ་དང་། སྤྱི་མང་ཐོབ་ཐང་སོགས་ཀྱི་ཐོག་ལ་དྲང་བདེན་ཡོང་བའི་ལས་ཀ་བྱེད་ཀྱི་ཡོད་འདུག དེ་ཡང་འཇིགས་མེད་ཨོ་རྒྱན་ནི་མངའ་སྡེ་མི་ནི་སོ་ཀྲའི་ནང་མཐུན་ཚོགས་དེའི་ཡན་ལག་འགོ་འཛུགས་བྱེད་མཁན་དང་ཚོགས་གཙོ་ཡང་ཡིན་པ་དང་། མཐུན་ཚོགས་དེ་ཨ་རིའི་རྒྱལ་ཡོངས་ངལ་རྩོལ་མཐུན་ཚོགས་ཀྱི་ཚོགས་མི་ཡང་ཆགས་ཀྱི་ཡོད་འདུག 

དེ་བཞིན་ཁོང་ནི་ད་ལྟའི་ཆར་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་གཙོ་ཡང་ཡིན་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༡༦༦༡ ཀློག་གྲངས།