ཨི་ཛེ་རིལ་གྱིས་ཨ་རིའི་གྲོས་ཚོགས་མི་སྣ་གཉིས་ཀྱི་སྐོར་བསྐྱོད་བཀག་འགོག་བྱས་འདུག 

ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཇེའུ་ཆོས་ལུགས་ཀྱི་མི་རིགས་མང་ཤོས་ཡིན་པའི་ཨེ་ཛི་རིལ་གྱིས། ཨ་རིའི་ཁ་ཆེ་གྲོས་ཚོགས་མི་སྣ་བུད་མེད་གཉིས་ཀྱི་སྐོར་བསྐྱོད་བཀག་འགོག་བྱས་འདུག་པ་དང་། དེ་ཡང་ཨ་རིའི་སྲིད་འཛིན་ཊོམ་གྱིས་བཀག་འགོག་གི་སྐུལ་མ་བྱས་རྗེས་བཀག་འགོག་བྱས་པའི་ཚོད་དཔག་བྱེད་བཞིན་འདུག 

ཟླ་༨ པའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་རཱ་ཤི་ཌ་ཊ་ལིབ་དང་ལྕམ་ཨི་ལན་ཨོ་མར་གཉིས་ནི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་ཚོགས་མི་ཡིན་ཁར། ཟླ་༨ པའི་ཚེས་༡༨ ནས་༢༢ བར་ཨི་ཛེ་རིལ་དུ་སྐོར་བསྐྱོད་འགྲོ་འཆར་ཡོད་འདུག་པ་དང་། ཁོང་གཉིས་ཀ་གྲོས་ཚོགས་འོག་མའི་ནང་འདེམས་ཐོན་བྱུང་མཁན་ཁ་ཆེ་མི་རིགས་ཐོག་མ་ཆགས་ཀྱི་ཡོད་ཁར། ཨི་ཛེ་རིལ་གྱིས་ཁ་ཆེའི་རྒྱལ་ཁབ་པཱེ་ལི་སེ་ཐན་གྱི་ས་ཆར་དབང་བསྒྱུར་དང་། ཁྲིམས་འགལ་གྱིས་གྲོང་སྡེ་འཛུགས་སྐྲུན་བྱེད་པ། ངོ་རྒོལ་བ་རྣམས་ལ་དྲག་གནོན་དང་དམར་གསོད་སོགས་ཀྱི་བྱེད་ལས་ལ་ངོ་རྒོལ་ཆེན་པོ་བྱེད་མཁན་ཡིན་པ་རེད། ཁོང་གཉིས་ཀ་ཨི་ཛེ་རིལ་དང་ཚོང་འབྲེལ་བྱེད་རྒྱུར་དགག་བྱ་བྱེད་མཁན་ཡིན་ཁར། སྲིད་འཛིན་ཊོམ་གྱིས་ཨི་ཛེ་རིལ་གྱི་རྒྱལ་ས་བདག་དབང་ཐད་རྩོད་རྙོག་ཡོད་པའི་གནས་ཆེན་ཇུ་རུ་སི་ལམ་ལ་གནས་སྤོས་བྱས་པ་དང་། ཨ་རིའི་ནང་གྲངས་ཉུང་མི་རིགས་དང་གནས་སྤོ་བར་འཛིན་བཞིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་མཁན་ཡིན་རྐྱེན། སྲིད་འཛིན་ཊོམ་གྱིས་ཁོང་གཉིས་དང་གྲོས་ཚོགས་འཐུས་མི་བུད་མེད་གཞན་ཁག་ཅིག་ལ་ཡོང་གྲགས་སུ་ཚིག་རྩུབ་དང་དབྱེ་འབྱེད་ཀྱི་སྐད་ཆ་སོགས་བརྗོད་མྱོང་ཡོད་འདུག 

ཐེངས་འདིར་ཟླ་༨ པའི་ཚེས་༡༥ ཉིན་སྲིད་འཛིན་ཊོམ་གྱིས་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ། གལ་ཏེ་ཨི་ཛེ་རིལ་གྱིས་གྲོས་ཚོགས་འཐུས་མི་ཁོང་གཉིས་སྐོར་བསྐྱོད་དུ་ཡོང་བཅུག་ཚེ། རྒྱལ་ཁབ་དེ་ཉམས་ཆུང་སྟོབས་མེད་ཀྱི་རྣམ་པ་ཆགས་རྒྱུ་ཡིན་པ་དང་། ཁོང་གཉིས་ནི་ཨི་ཛེ་རིལ་རྒྱལ་ཁབ་དང་ཇེའུ་མི་རིགས་ལ་འཁོན་འཛིན་བྱེད་མཁན་ཞིག་ཡིན་པས། ག་རེ་བྱས་ཀྱང་ཁོ་གཉིས་ཀྱི་བསམ་བློ་འགྱུར་བ་གཏོང་ཐབས་བྲལ་བ་རེད་ཅེས་བཀོད་ཡོད་འདུག  

སྤྱིར་བཏང་དེ་སྔོན་ཨ་རིར་ཡོད་པའི་ཨེ་ཛི་རིལ་གྱི་གཞུང་ཚབ་པས་གྲོས་ཚོགས་འཐུས་མི་དེ་གཉིས་ཨི་ཛེ་རིལ་དུ་སྐོར་བསྐྱོད་འགྲོ་བར་བཀག་སྡོམ་བྱེད་རྒྱུ་མིན་སྐོར་བརྗོད་ཡོད་ཀྱང་། ཐེངས་འདིར་སྲིད་འཛིན་ཊོམ་གྱིས་དྲ་ཐོག་གི་འཕྲིན་ཐུང་དེ་བཀོད་པའི་རྗེས་སུ། ཨི་ཛེ་རིལ་གཞུང་གིས་གྲོས་ཚོགས་འཐུས་མི་གཉིས་ཀྱི་སྐོར་བསྐྱོད་དེ་བཀག་འགོག་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག སྐྱོན་བརྗོད་བྱེད་མཁན་མང་པོ་ཞིག་གིས་སྲིད་འཛིན་ཊོམ་གྱིས་ཨ་རིའི་རྩ་ཁྲིམས་ལ་རྩིས་མེད་དང་སྲིད་འཛིན་གྱི་ཆེ་མཐོང་མེད་པ་བཟོས་པ་ཡིན་སྐོར་དང་། ཨི་ཛེ་རིལ་ཕྱིའི་རྒྱལ་ཁབ་གཅིག་གི་སྲིད་འཛིན་གྱི་གནོན་ཤུགས་འོག་ཏུ་འཛུལ་བ་ཡིན་སྐོར་བརྗོད་བཞིན་འདུག 

ཨི་ཛེ་རིལ་གཞུང་གིས་གྲོས་ཚོགས་འཐུས་མི་དེ་གཉིས་ཀྱིས་ཨི་ཛེ་རིལ་རྒྱལ་ཁབ་ལ་གནོད་སྐྱོན་དང་ཁ་གཏད་ཀྱི་ལས་འགུལ་བརྒྱུད་སྐུལ་བྱེད་རྩིས་ཡོད་པས། བཀག་འགོག་བྱེད་རྒྱུ་ཐག་གཅོད་བྱས་སྐོར་བསྒྲགས་འདུག དེ་བཞིན་རྒྱལ་ཁབ་དེའི་སྲིད་བློན་ནཱི་ཊན་ཡ་ཧུ་ཡིས། གྲོས་ཚོགས་འཐུས་མི་དེ་གཉིས་ཀྱིས་སྐོར་བསྐྱོད་འགྲོ་ཡུལ་ཨི་ཛེ་རིལ་མ་བཀོད་པར་པེ་ལི་སེ་ཐན་ཞེས་བཀོད་ཡོད་ཁར། ཨ་རིའི་གྲོས་ཚོགས་འཐུས་མི་གཞན་དང་མི་འདྲ་བར། སྐོར་བསྐྱོད་རིང་གཞུང་གི་ལས་བྱེད་དང་། ཡང་ན་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཐུག་འཕྲད་བྱེད་རྒྱུའི་རེ་སྐུལ་གང་ཡང་བྱས་མེད་སྐོར་བརྗོད་འདུག ཁོང་གཉིས་ཀྱིས་ཨི་ཛེ་རིལ་དང་པེ་ལི་སི་ཐན་བར་ཞི་བདེ་ཡོང་ཐབས་ཀྱི་ལས་འགུལ་བ་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་སྐུ་ཚབ་བཅས་དང་ཐུག་འཕྲད་ཀྱི་འཆར་གཞི་བསྒྲིགས་ཡོད་འདུག 

གསར་འགོད་པ་ཚོས་སྲིད་འཛིན་གྱིས་ཨི་ཛེ་རིལ་གཞུང་ལ་གནོན་ཤུགས་སྤྲད་ཡོད་མེད་སྐོར་དྲིས་སྐབས། ཨ་རིའི་གཞུང་གི་མགྲིན་ཚབ་པས་ཨི་ཛེ་རིལ་གཞུང་གིས་ཐག་གཅོད་ག་རེ་བྱེད་མིན་དེ་རང་གི་ལག་ཏུ་ཡོད་པ་དང་། ཊོམ་གྱིས་གནོན་ཤུགས་སྤྲད་ཡོད་པའི་གནས་ཚུལ་དེ་དྲང་བདེན་མིན་སྐོར་བརྗོད་འདུག འོན་ཀྱང་སྲིད་འཛིན་ཊོམ་གྱིས་གསར་འགོད་པ་ཚོར། ཁོང་གི་ཐད་ཀར་གནོན་ཤུགས་སྤྲད་མེད་ཚུལ་བརྗོད་ཀྱང་། འབྲེལ་ཡོད་ཁག་ཅིག་དང་དེའི་སྐོར་སྐད་ཆ་བཤད་ཡོད་སྐོར་བརྗོད་པ་ལས། སུ་དང་སྐད་ཆ་བཤད་མིན་མིང་འདོན་བྱས་མི་འདུག 

ཨི་ཛེ་རིལ་གཞུང་གི་ཐག་གཅོད་དེ་ལ་བརྟེན་ནས་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྐྱོན་བརྗོད་ཆེན་པོ་བྱས་འདུག དེ་ཡང་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པཱི་ལོ་སི་ཡིས། ཨི་ཛེ་རིལ་རྒྱལ་ཁབ་ཀྱི་ཐག་གཅོད་དེས་རྒྱལ་ཁབ་དེ་སྟོབས་ཆུང་གི་རྣམ་པ་བསྟན་ཡོད་ཁར། ཨ་རིའི་སྲིད་འཛིན་ཊོམ་གྱི་བྱེད་སྟངས་དེས་གྲོས་ཚོགས་འཐུས་མིར་གུས་བརྩི་མ་བྱས་པ་དང་སྲིད་འཛིན་གྱི་ལས་གནས་ཀྱི་ཆེ་མཐོང་རྡོག་རོལ་བཏང་བ་ཡིན་སྐོར་བརྗོད་འདུག བཀག་འགོག་བྱས་པའི་གྲོས་ཚོགས་འཐུས་མི་ལྕམ་ཨོ་མར་གྱིས་ཐག་གཅོད་དེ་ནི་མང་གཙོར་རྩིེས་མེད་བྱས་པ་ཡིན་པ་དང་། ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རིའི་ནང་ཁ་ཆེ་བཀག་འགོག་བྱས་པ་དེ། ཨི་ཛེ་རིལ་གྱིས་ལག་ལེན་བསྟར་ཡོད་པ་དང་། དེ་ཡང་ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་བཀག་འགོག་བྱས་པ་ཡིན་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༡༡༥༣ ཀློག་གྲངས།