ཀ་ཤི་མིར་དུ་ཉུང་མཐར་ཡང་མི་༤༠༠༠ འཛིན་བཟུང་བཀག་ཉར་བྱས། 

ཟླ་འདིའི་ཚེས་༡༨ རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་དུ། རྒྱ་གར་བྷི་ཇི་ཕི་སྲིད་གཞུང་གིས་བདུན་ཕྲག་གཉིས་ཀྱི་གོང་ལ་ཇ་མུའུ་དང་ཀ་ཤི་མིར་མངའ་སྡེའི་རང་སྲིད་རང་སྐྱོང་གི་གོ་ཐོབ་རྩིས་མེད་བཏང་རྗེས། ངོ་རྒོལ་གྱེན་ལངས་ཤུགས་ཆེན་ཡོང་རྒྱུར་འཇིགས་ནས་ས་ཁུལ་དེ་གའི་མི་མང་སྟོང་ཕྲག་དུ་མ་ཞིག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག 

དེ་ཡང་ས་གནས་དེ་གའི་ཁྲིམས་དཔོན་མིང་སྨྲ་འདོད་མེད་པ་ཞིག་གིས་ཧྥ་རན་སིའི་གསར་ཁང་(Agence France-Presse) ལ་ཀ་ཤི་མིར་དུ་ཉུང་མཐར་ཡང་མི་༤༠༠༠ འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། དེ་དག་ཐམས་ཅད་མི་མང་བདེ་འཇགས་ཀྱི་ཁྲིམས་འགལ་བའི་(Public Safety Act) ཉེས་མིང་འོག་བཀག་ཉར་བྱས་ཡོད་ཅིང་། རྩོད་རྙོག་ཅན་གྱི་ཁྲིམས་དེའི་འོག་མི་ཞིག་ལོ་གཉིས་བར་ཁྲིམས་ཞིབ་དང་ཁྲིམས་ཐག་མེད་པར་བཀག་ཉར་བྱེད་ཆོག

ས་གནས་ཁྲིམས་དཔོན་དེས་“འཛིན་བཟུང་བྱས་པའི་མི་ཕལ་ཆེ་བ་ཀ་ཤི་མིར་ནས་ས་ཁུལ་གཞན་དུ་ཁྲིད་སོང་། རྒྱུ་མཚན་ནི་ས་ཁུལ་འདིའི་བཙོན་ཁང་རྣམས་གང་ནས་འཇུག་ས་མེད་པར་གྱུར་ཡོད་”ཅེས་བརྗོད་པའི་ཐོག རྒྱ་གར་གཞུང་གིས་ས་ཁུལ་དེ་གའི་ཁ་པར་དང་དྲ་བའི་བརྒྱུད་ལམ་ཡོད་ཚད་བཀག་སྡོམ་བྱས་ཡོད་ཀྱང་། ཁོས་ས་ཁུལ་དེ་གའི་ལས་རོགས་ཚོ་དང་ཕན་ཚུན་འབྲེལ་བ་བྱས་ནས་གྲངས་ཐོ་ལེན་བྱེད་དུ་བྱིན་པའི་འཁོར་སྐར་ཁ་པར་(satellite phone) བེད་སྤྱོད་བྱེད་བཞིན་ཡོད་པ་འགྲེལ་བཤད་བྱས་འདུག 

རྒྱ་གར་གཞུང་འཛིན་མི་སྣ་ཚོས་ས་གནས་དེ་གའི་ཆབ་སྲིད་པ་དང་ལས་འགུལ་བ་༡༠༠ ལྷག་ཅིག་འཛིན་བཟུང་བྱས་པར་ཁས་ལེན་པ་ལས། ཁྱོན་སྡོམ་མི་མང་ཇི་ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གྲངས་ཀ་དེ་གཏན་ནས་ཕྱི་ལ་སྒྲོག་གི་མེད་པ་དང་། ཁོ་ཚོས་ལོ་ངོ་བཅུ་ཕྲག་གསུམ་རིང་རྒྱ་གར་གྱི་ཁྲིམས་དང་སྒྲིག་གཞི་ལ་དྲག་པོའི་ངོ་ལོག་བྱེད་སའི་ས་ཁུལ་ནང་ཞི་བདེ་ལྷིང་འཇགས་ཡོད་ཆེད། “འགོག་སྲུང་གི་རང་བཞིན་”ལྡན་པའི་འཛིན་བཟུང་འགའ་བྱས་ཡོད་ཅེས་བསྒྲགས་ཡོད། 

ཇ་མུའུ་དང་ཀ་ཤི་མིར་ས་གནས་གཞུང་གི་མགྲིན་ཚབ་པ་རོ་ཧི-ཁོན་སིལ་(Rohit Kansal) གྱིས་ད་ལྟ་བར་མི་མང་ཇི་ཙམ་འཛིན་བཟུང་བྱས་པའི་གྲངས་འབོར་ཕྱོགས་སྡོམ་བྱས་པའི་གྲངས་ཚད་ཅིག་མེད་ཅེས་བརྗོད་ཀྱང་། ཧྥ་རན་སིའི་གསར་ཁང་གིས་ས་གནས་དེ་གའི་ཉེན་རྟོག་པ་དང་བདེ་སྲུང་མི་སྣ་འདུས་པའི་གཞུང་ཞབས་མང་པོ་ཞིག་ལ་བཅར་འདྲི་བྱས་ཤིང་། ཁོ་ཚོས་མི་མང་ཤིན་ཏུ་མང་པོ་ཞིག་འཛིན་བཟུང་བྱས་པའི་གནས་ཚུལ་དེ་བདེན་པ་ཡིན་ཚུལ་བརྗོད་ཡོད་འདུག 

མིང་བརྗོད་འདོད་མེད་པའི་ཉེན་རྟོག་པ་ཞིག་གིས་ཧྥ་རན་སིའི་གསར་ཁང་དེར་“མི་༦༠༠༠ ཙམ་འཛིན་བཟུང་བྱས་རྗེས། ཤི་རི་ན་གྷའི་ས་གནས་གཉིས་ལ་ནད་བརྟག་དཔྱད་བྱས་སོང་”ཞེས་བརྗོད་པ་མ་ཟད། “ཁོ་ཚོ་ཐོག་མར་ཤི་རི་ན་གྷའི་བཙོན་ཁང་ཆེ་ཤོས་སུ་བཏང་བ་དང་། དེ་ནས་དམག་གི་གནམ་གྲུའི་ནང་ས་གནས་གཞན་དུ་ཁྲིད་སོང་”ཞེས་བརྗོད་འདུག 

དེ་བཞིན་བདེ་སྲུང་མི་སྣ་གཞན་ཞིག་གིས་ཀྱང་“མི་མང་སྟོང་ཕྲག་མང་པོ་བཙོན་འཇུག་བྱས་ཡོད་” འོན་ཀྱང་དེའི་ནང་ཐོ་འགོད་མ་བྱས་པའི་མི་རྣམས་འདུས་མེད་ཅེས་བཤད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༡༠༤༥ ཀློག་གྲངས།