སེམས་ཤུགས་མ་ཆགས་པ་བྱེད་རྒྱུ་གལ་ཆེ་ཤོས་ཡིན་སྐོར་གསུངས་སོང་།

ཟླ་འདིའི་ཚེས་༡༩ ཉིན་དྷ་སར་འཚོགས་པའི་བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་འབྱུང་འགྱུར་བོད་ཀྱི་མདུན་ལམ་འཚོལ་བ་ཐེངས་གཉིས་པ་མཇུག་བསྒྲིལ་ཡོད་པ་དང་། མཇུག་བསྡོམས་མཛད་སྒོར་སྲིད་སྐྱོང་བློ་བཟང་སེང་གེ་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་གཉིས་ཀྱིས་གསུང་བཤད་གནང་ཡོད་པ་རེད།

ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ཡིས། ཐེངས་འདིར་རྒྱལ་ཁབ་༡༣ ནས་བོད་མིའི་གཞོན་སྐྱེས་ལས་འགུལ་བ་དང་སྤྱི་ཚོགས་ཞབས་ཞུ་པ་སོགས་འགོ་ཁྲིད་༡༠༠ ལྷག་མཉམ་ཞུགས་བྱུང་ཡོད་པ་རྣམས་ཀྱིས། ཚོགས་ཆེན་འདི་གྲོལ་རྗེས་སེམས་ཤུགས་འཕར་ནས་བོད་དོན་ཆེད་ལས་དོན་མུ་མཐུད་སྤེལ་དགོས་པ་དང་། ལས་དོན་སྤེལ་བར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཤེས་རྒྱུ་གལ་ཆེན་ཡིན་པ་དང་། ལོ་རྒྱུས་ཐོག་ནས་བོད་རང་བཙན་ཡིན་པ། དབུ་མའི་ལམ་གྱི་སྐོར་ཤེས་རྒྱུ་གལ་ཆེན་ཡིན་ཁར། གལ་ཏེ་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་མིན་ན་དབུ་མའི་ལམ་རྩོད་པའི་དགོས་པ་མེད་པས། རང་བཙན་ཡིན་རྐྱེན་དབུ་མའི་ལམ་རྩོད་ཀྱི་ཡོད་པ། ལོ་རྒྱུས་ཤེས་པའི་ཐོག་ནས་རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ལ་ཁྱོག་བཤད་བྱེད་བཞིན་པ་དེར་ཁ་གཏད་གཅོག་དགོས་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་བོད་ཀྱི་རྒྱལ་ཁབ་ཤོར་ནས་ལོ་ངོ་༦༠ འགྲོ་བཞིན་ཡོད་ཀྱང་སེམས་ཤུགས་ཆགས་རྒྱུ་མེད་པ་དང་། བོད་ནང་གི་བོད་མི་ཚོར་རང་དབང་མེད་པས་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་བོད་མི་རྣམས་ཀྱི་མགྲིན་ཚབ་པ་བྱས་ཏེ། བོད་ཀྱི་གནད་དོན་ཤེས་པའི་ཐོག་ནས་བོད་དོན་འཐབ་རྩོད་བྱེད་རྒྱུ་དེ་མི་ཚང་མའི་ལས་འགན་ཡིན་པ། དེ་བཞིན་ཐེངས་འདིར་ལས་དོན་གཟེངས་སུ་ཐོན་པ་བྱེད་མཁན་གཏམ་བཤད་པ་ཁག་ཅིག་སྐད་བཏང་དགོས་དོན་ནི། ཚོགས་བཅར་བ་དང་དྲ་ཐོག་ནས་བལྟ་མཁན་རྣམས་ལ་སེམས་ཤུགས་སྤོར་ཆེད་ཡིན། ཐེངས་འདིའི་ཚོགས་ཆེན་སྐབས་སུ་བསམ་འཆར་གནང་བ་རྣམས། ཐེངས་རྗེས་མའི་སྐབས་ཀྱི་ན་གཞོན་ཚོགས་ཆེན་སྐབས་སུ་ལག་བསྟར་གང་ཡོང་བྱེད་རྒྱུ་ཡིན་སྐོར་གསུངས་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་བོད་སྐད་བཤད་མི་བཤད་ཀྱི་གནད་དོན་སླེབས་ཡོད་པ་དང་བསྟུན་ནས་གསུང་དོན་ལ། བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ནི་བོད་ཀྱི་འཐབ་རྩོད་ཀྱི་མ་རྩ་ཡིན་པ་དང་། བོད་ཀྱི་སྐད་ཡིག་གལ་ཆེན་ཡིན་པ་ཚང་མས་ཤེས་གསལ་རེད་དེ། བོད་ཀྱི་སྐད་ཡིག་མ་ཤེས་མཁན་རྣམས་རྒྱལ་ཞེན་པ་མ་རེད་བརྗོད་ཀྱི་མེད་ནའང་། བོད་སྐད་སྦྱོང་བར་འབད་བརྩོན་བྱེད་རྒྱུ་གལ་ཆེན་ཡིན་པ། ཐེངས་འདིའི་ཚོགས་ཆེན་ལ་ཕན་ཚུན་གོ་བརྡ་འཕྲོད་རྒྱུ་གལ་ཆེན་ཡིན་རྐྱེན། དབྱིན་སྐད་རྒྱག་དགོས་པ་བྱུང་ཡོད་པ། ད་ལྟའི་ཆར་རྒྱལ་ཁབ་༤༠ ཡི་ནང་བོད་མི་གནས་སྡོད་བྱེད་མཁན་ཡོད་པས། བོད་ཀྱི་སྐད་ཡིག་མ་ཤེས་ཚེ། མ་འོངས་པའི་ཚོགས་ཆེན་སྐབས་སུ་རྒྱལ་ཁབ་༤༠ ཡི་སྐད་ཡིག་རྒྱག་མཁན་བྱུང་ཚེ། སྐད་བསྒྱུར་སོགས་ཀྱི་ཐད་ལ་དཀའ་ངལ་འཕྲད་རྒྱུ་མ་ཟད། ནམ་རྒྱུན་ཕྱི་རྒྱལ་ཁག་ལ་སྡོད་མཁན་རྣམས་ལས་ཀ་སོགས་དང་འབྲེལ་ནས་སྐད་ཡིག་གཞན་བེད་སྤྱོད་བྱེད་དགོས་ཀྱི་ཡོད་ཀྱང་། བོད་མི་ཚོ་འཛོམས་སྐབས་སུ་བོད་སྐད་རྒྱག་ཐུབ་པ་བྱེད་རྒྱུ་གལ་ཆེན་ཡིན་པ་སོགས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས། ཐེངས་འདིའི་ཚོགས་ཆེན་ཐོག་ལོ་སྔོན་མའི་ཚོགས་ཆེན་སྐབས་ཀྱི་བསམ་འཆར་ལག་བསྟར་བྱས་ཏེ་ཡར་རྒྱས་ཕྱིན་ཡོད་པ་དང་། ཐེངས་འདིའི་བསམ་འཆར་རྣམས་ལོ་རྗེས་མའི་ཚོགས་ཆེན་སྐབས་སུ་ལག་བསྟར་བྱེད་རྒྱུ་ཡིན་པ། ཚོགས་ཆེན་འདི་འདྲ་གོ་སྒྲིག་ཞུས་པར་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་གི་ཡོད་ཀྱང་། གྲུབ་འབྲས་ཐོན་རྒྱུ་ཡིན་པའི་ཡིད་ཆེས་ཡོད། དེ་ཡང་དེ་སྔོན་འཛིན་རིམ་བཅུ་པའི་སློབ་ཕྲུག་གི་འགོ་ཁྲིད་སྦྱོང་བརྡར་ལ་མཉམ་ཞུགས་བྱས་པའི་སློབ་ཕྲུག་གྲངས་འབོར་མང་དུ་བཏང་སྐབས་སུ་རྒྱབ་སྐྱོར་བྱེད་མཁན་མང་པོ་མེད་ཀྱང་། དེང་གི་ཆར་སྦྱོང་བརྡར་དེར་དགའ་མོས་དང་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ། དེ་བཞིན་གངས་ལྗོངས་དངུལ་ཁང་ཐོག་ནས་བོད་མི་ཚོང་པ་རྣམས་ལ་དངུལ་བོན་གཏོང་རྒྱུའི་ཐད་ལ་ཐེ་ཚོམས་བྱེད་མཁན་མང་པོ་བྱུང་ཡང་། དེང་གི་ཆར་གྲུབ་འབྲས་ཡག་པོ་ཐོན་བཞིན་ཡོད་པས། སྐྱོན་བརྗོད་བྱེད་མཁན་བྱུང་བ་ཙམ་གྱིས་སེམས་ཤུགས་ཆགས་མི་ཉན་པ་གལ་ཆེ་ཤོས་ཡིན་སྐོར་གསུངས་སོང་།

ཁོང་གིས་བོད་ཀྱི་སྐད་ཡིག་དེ་གལ་ཆེན་ཡིན་པ་དང་། དེ་སྦྱོང་ཆེད་དུ་བཙན་བྱོལ་ནང་དུ་མཐོ་སློབ་ཁང་སོགས་ཀྱི་ནང་དུ་མཐུན་རྐྱེན་མང་པོ་བསྐྲུན་ཡོད་པས། བེད་སྤྱོད་བྱེད་དགོས་སྐོར་དང་། ཚོགས་ཆེན་འདི་ནི་ཆབ་སྲིད་ཀྱི་ཚོགས་ཆེན་ཞིག་དང་། གཞོན་སྐྱེས་དང་སྤྱི་ཚོགས་ཀྱི་ངོས་ནས་བོད་དོན་ཆེད་ལས་འགུལ་ག་རེ་སྤེལ་དགོས་མིན་ཐད་གྲོས་བསྡུར་དང་བསམ་འཆར་འདོན་དགོས་པ་ཡིན་པ་ལས། རང་བཙན་དང་དབུ་མ། བོད་སྐད་རྒྱག་ཤེས་མཁན་དང་རྒྱག་མི་ཤེས་མཁན་སོགས་ཀྱི་རྩོད་རྙོག་སློང་རྒྱུ་ཞིག་མིན་པས། གཙོ་བོ་བོད་དོན་འཐབ་རྩོད་ཐད་ག་རེ་བྱེད་དགོས་མིན་གླེང་སློང་བྱེད་རྒྱུ་གལ་ཆེ་ཤོས་ཡིན་སྐོར་གསུངས།

སེམས་ཤུགས་མ་ཆགས་པ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་དང་སྦྲགས་ནས་གསུང་དོན། རྒྱ་ནག་གི་གདུག་རྩུབ་འོག་དངོས་སུ་གནས་སྡོད་བྱེད་མཁན་བོད་མི་ཚོས་སེམས་ཤུགས་མ་ཆགས་པར་མུ་མཐུད་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ༧གོང་ས་མཆོག་ནས་ལོ་ངོ་མང་པོ་འདི་དག་རིང་སེམས་ཤུགས་མ་ཆགས་པར་གནས་ཡོད་པས། བཙན་བྱོལ་ནང་ལ་ཡོད་མཁན་གཞོན་སྐྱེས་དང་ཐེངས་འདིའི་ཚོགས་བཅར་བ་ཚོར། སྐྱོན་བརྗོད་བྱེད་མཁན་བྱུང་བ་ཙམ་གྱིས་སེམས་ཤུགས་ཆགས་མི་ཉན་པ་དང་། སེམས་ཤུགས་དེ་མ་རྩ་ཡིན་པ། ལྷག་པར་དུ་རྒྱལ་སྤྱིའི་ཆབ་སྲིད་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པ་དང་། ༧གོང་ས་མཆོག་གི་དགུང་ལོ་ཆེན་པོ་ཆགས་བཞིན་པ། རྒྱ་ནག་གི་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་པ་སོགས་ལ་བརྟེན་ནས། ད་ལྟའི་གཞོན་སྐྱེས་རྣམས་ཀྱི་མི་རབས་འདིར་བོད་ཀྱི་འཐབ་རྩོད་ཆེད་དུ་དུས་ཚོད་ཛ་དྲག་ཤོས་དང་འགན་ཆེ་ཤོས་སླེབས་རྒྱུ་ཡིན་པས། བསམ་ཚུལ་མི་མཐུན་པ་ཕན་ཚུན་གུས་བརྩིའི་ཐོག་ནས་ནང་མི་གཅིག་ལྟར་མདུན་བསྐྱོད་བྱེད་རྒྱུ་གལ་ཆེན་ཡིན་པ། གཞོན་སྐྱེས་ཚོ་ད་ལྟ་ནས་འགོ་ཁྲིད་ཡིན་པས་སེམས་ཤུགས་མ་ཆགས་པར་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་། 

མཐའ་མར་དེར་སྲིད་སྐྱོང་གིས་ཁོང་གིས་བོད་དོན་ཐད་གང་ཡོང་ལས་ཀ་བྱས་ཡོད་པས། མ་འོངས་པར་ཤི་དུས་འགྱོད་པ་མེད་པ་ཞིག་ཡོང་རྒྱུ་ཡིན། བོད་མི་ཚང་མས་ཤི་དུས་འགྱོད་པ་མེད་པ་ཡོང་ཐབས་ཀྱིས་བོད་དོན་འཐབ་རྩོད་བྱེད་དགོས་པ་དང་། ཁོང་གིས་གཞོན་སྐྱེས་རྣམས་འགོ་ཁྲིད་ཡག་པོ་ཆགས་རྒྱུ་ཡིན་པ་ཡིད་ཆེས་བྱེད་ཀྱི་ཡོད་པས། ཚོགས་ཆེན་གྲོལ་རྗེས་མུ་མཐུད་ནས་བོད་དོན་ལས་འགུལ་དང་ཞུ་གཏུག་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༩༠༢ ཀློག་གྲངས།