རུང་གྷེ་ཡ་སྐྱབས་བཅོལ་རྣམས་ཀྱི་གནས་སྟངས་ལ་འགྱུར་བ་འགྲོ་བའི་རེ་བ་མེད་པ།

ལོ་གཉིས་སྔོན་ནས་འབར་མ་གཞུང་གི་དམག་མིས་དྲག་སྤྱོད་ལ་བརྟེན་ནས། ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་ཌེ་ཤིར་བྲོས་བྱོལ་དུ་སོང་བའི་རུང་གྷེ་ཡ་ཁ་ཆེ་མི་རིགས་འབུམ་༧ ལས་མང་བ་རྣམས་ཀྱི་གནས་སྟངས་ད་དུང་ཡང་འགྱུར་བ་འགྲོ་བའི་རྣམ་པ་ཐོན་མེད་ཁར། འབར་མར་རང་དབང་ཐོག་ནས་ཕྱིར་ལོག་བྱེད་མཁན་ཡང་འབྱུང་གི་མེད་འདུག 

ཟླ་༨ པའི་ཚེས་༢༣ ཉིན་བྷང་ལ་ཌེ་ཤིར་ཡོད་པའི་རུང་གྷེ་ཡ་སྐྱབས་བཅོལ་བ་གྲངས་༣༤༥༠ ཞིག་འབར་མར་ཕྱིར་ལོག་འགྲོ་བའི་ལས་དོན་ཆེད་རླངས་འཁོར་སོགས་གྲ་སྒྲིག་བྱས་ནས་ཆུ་ཚོད་གསུམ་ཕྱིན་ཡོད་ཀྱང་། ཕྱིར་ལོག་འགྲོ་མཁན་གྱི་ཐོ་གཞུང་ནང་ཡོད་མཁན་སུ་གང་སླེབས་མེད་པས། འབར་མ་གཞུང་གི་གོ་སྒྲིག་པ་ཚོས་ལས་གཞི་དེ་ལམ་ལྷོངས་བྱུང་རྒྱུ་མིན་པའི་ཚོད་དཔག་བྱེད་བཞིན་འདུག དེ་ཡང་ལོ་སྔོན་མར་རུང་གྷེ་ཡ་སྐྱབས་བཅོལ་བ་༢༢༦༠ ཞིག་ཕྱིར་ལོག་གཏོང་རྒྱུའི་ལས་གཞི་སྤེལ་ཐབས་བྱས་ཀྱང་། སྐབས་དེར་ཐོ་གཞུང་ནང་ཡོད་མཁན་སྐྱབས་བཅོལ་བ་མང་པོ་ཞིག་ལས་གཞི་སྤེལ་བའི་ཉིན་དེར་ཤིང་ནགས་སོགས་སུ་བྲོས་ཕྱིན་ཡོད་ཁར། སྐྱབས་བཅོལ་བ་སྡོད་སྒར་ནང་ངོ་རྒོལ་ལས་འགུལ་ཡང་སྤེལ་ཡོད་པས། ལས་གཞི་ཕྱིར་འཐེན་བྱེད་དགོས་ཁེལ་ཡོད་པ་རེད། སྐབས་དེར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་སྐྱབས་བཅོལ་བའི་ཚོགས་པ་ཁག་གིས། སྐྱབས་བཅོལ་བ་རྣམས་འབར་མར་ཕྱིར་སློག་བྱས་ཚེ་ཁོ་ཚོའི་བདེ་འཇགས་ལ་ཉེན་ཁ་ཡོད་པ་དང་། ཁོ་ཚོ་ཕྱིར་ལོག་འགྲོ་བར་འདོད་པ་ཡོད་མེད་གཞིར་བཞག་ནས་ལས་དོན་སྤེལ་དགོས་སྐོར་བརྗོད་ཡོད་པ་རེད། འོན་ཀྱང་ཐེངས་འདིར་བྷང་ལ་ཌེ་ཤི་གཞུང་གིས་འབར་མ་གཞུང་ལ་ཕྱིར་ལོག་གཏོང་བའི་ཆ་རྐྱེན་ལ་ཞིབ་འཇུག་ཆེད་དུ་མི་གྲངས་༢༢,༠༠༠ ལས་མང་བའི་མིང་ཐོ་སྤྲད་ཡོད་འདུག་ཀྱང་། འབར་མས་མི་གྲངས་༣༤༥༠ ལ་མ་གཏོགས་ཕྱིར་ལོག་ཡོང་བའི་ཆོག་མཆན་སྤྲད་མེད་འདུག བྷང་ལ་ཌེ་ཤི་གཞུང་གིས་ཀྱང་ཐོ་གཞུང་ནང་ཡོད་པའི་སྐྱབས་བཅོལ་བ་རྣམས་ཀྱི་འདོད་མོས་ལ་གཞིར་བཞག་གིས་ཕྱིར་སློག་ལས་དོན་སྤེལ་རྒྱུ་ཡིན་པ་ལས། བཙན་དབང་ཐོག་ནས་ཕྱིར་སློག་གཏོང་རྒྱུ་མིན་སྐོར་བརྗོད་ཡོད་འདུག་པས། ཐེངས་འདིར་སྐྱབས་བཅོལ་བའི་གཞིས་སྒར་ནས་བྲོས་བྱོལ་འགྲོ་མཁན་བྱུང་མེད་ཁར། ཐོ་གཞུང་ནང་ཡོད་མཁན་ཚོས་ཚེས་༢༢ ཉིན་བརྒྱུད་ལམ་ཁག་ཏུ་བཅར་འདྲི་དང་ལེན་བྱས་པ་སོགས་བྱས་ཡོད་འདུག 

ཐོ་གཞུང་ནང་ཡོད་མཁན་ཁག་ཅིག་གིས་འབར་མ་ནི་ཁོ་ཚོའི་རྒྱལ་ཁབ་ཡིན་པས་ཕྱིར་ལོག་བྱེད་འདོད་ཡོད་ཀྱང་། འབར་མ་གཞུང་གིས་ཁོ་ཚོར་མི་སེར་ཐོབ་ཐང་དང་བདེ་འཇགས་ཀྱི་འགན་ལེན་བྱས་ན་མ་གཏོགས་ཕྱིར་ལོག་བྱེད་པར་ཞེད་སྣང་ཡོད་པ་དང་། དེ་བཞིན་མང་པོ་ཞིག་གིས་འབར་མ་གཞུང་གི་ལྟ་རྟོག་འོག་མིན་པར་མཉམ་འབྲེལ་རྒྱལ་ཁབ་ཀྱི་ལྟ་རྟོག་འོག་ཕྱིར་ལོག་བྱེད་རྒྱུའི་འདོད་པ་ཡོད་སྐོར་བརྗོད་བཞིན་འདུག ད་ལྟའི་ཆར་འབར་མ་གཞུང་གིས་སྐྱབས་བཅོལ་བ་ཚོར་མི་སེར་ཐོབ་ཐང་དང་བདེ་འཇགས་ཀྱི་འགན་ལེན་གང་ཡང་བྱས་མེད་པས། འབྱུང་འགྱུར་གྱི་ལོ་ཟླའི་ནང་སྐྱབས་བཅོལ་བ་རྣམས་ཀྱི་གནས་སྟངས་ལ་འགྱུར་བ་འགྲོ་རྒྱུ་ཁག་པོ་ཡིན་འདུག ཁག་ཅིག་གིས་བྷང་ལ་ཌེ་ཤིར་རྒྱུན་རིང་ལྷག་རྒྱུ་ཡིན་པའི་ངེས་པ་རྙེད་ནས། ཁོང་ཚོར་ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་མཐུན་རྐྱེན་ཚད་ལྡན་དགོས་རྒྱུ་གལ་ཆེན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག 

རུང་གྷེ་ཡ་སྐྱབས་བཅོལ་བ་རྣམས་བྷང་ལ་ཌེ་ཤིར་སླེབས་ནས་ལོ་གཉིས་འགྲོ་བཞིན་ཡོད་ཀྱང་། དེ་དག་གི་གནས་སྟངས་ལ་ཡར་རྒྱས་ཆེན་པོ་ཕྱིན་མེད་ཁར། བྷང་ལ་ཌེ་ཤི་གཞུང་དང་རོགས་ཚོགས་མང་པོ་ཞིག་གིས་གནས་སྟངས་དེ་གནས་སྐབས་ཤིག་ཡིན་པ་ལས། སྔ་ཕྱི་མ་གཏོགས་སྐྱབས་བཅོལ་བ་རྣམས་ཕྱིར་ལོག་འགྲོ་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག་ཀྱང་། ལོ་ངོ་ག་ཚོད་རྗེས་སུ་གནས་སྟངས་ལ་འགྱུར་བ་འགྲོ་རྒྱུ་ཡིན་པ་བཤད་ཚོད་དཀའ་བ་རེད་འདུག དེའི་ཐོག་སྐྱབས་བཅོལ་བའི་གཞིས་སྒར་ནང་དུ་ཕྲུ་གུ་དང་བུད་མེད་རྣམས་བཙན་ཁྲིད་ཀྱིས་ནག་ཚོང་བརྒྱབ་པའི་གནས་ཚུལ་འབྱུང་བཞིན་ཡོད་ཁར། འབྲེལ་ཡོད་ལས་བྱེད་དང་ཉེན་རྟོག་པ་སོགས་ཀྱིས་ཀྱང་གནད་དོན་དེའི་ཐད་འགན་ལེན་བྱེད་ཀྱི་མེད་འདུག རྒྱལ་སྤྱིའི་ཚོགས་སྡེ་ཁག་ཅིག་གིས་བྷང་ལ་ཌེ་ཤིའི་ས་མཚམས་དམག་མི་དང་། ཉེན་རྟོག་པ་སོགས་ཀྱིས་སྐྱབས་བཅོལ་བ་བུད་མེད་དང་ཕྲུ་གུ་ནག་ཚོང་རྒྱག་པར་ནག་ཚོགས་དང་ངན་སྦྲེལ་བྱེད་ཀྱི་ཡོད་པའི་ཉེས་འཛུགས་ཀྱང་བྱས་འདུག 

ཕྱི་ལོ་༢༠༡༧ ལོའི་ཟླ་༨ པའི་ཚེས་༢༥ ཉིན་འབར་མའི་ནང་ཁ་ཆེ་མི་རིགས་མང་ཤོས་སྡོད་སའི་རག་ཀི་ནི་མངའ་ཁུལ་གྱི་ཉེན་རྟོག་ཁང་༣༠ ལ། ཁུལ་དེའི་ཁ་ཆེ་གྱེན་ལངས་རུ་ཁག་ཅིག་གིས་དྲག་རྒོལ་བྱས་རྗེས། རོ་ཧིན་གྷའི་མི་༤༠༠ ཡས་མས་ཤིག་བསད་ཡོད་པ་དང་། འབར་མ་གཞུང་གིས་དེ་དག་ཕལ་ཆེ་བ་ནི་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཡིན་སྐོར་བསྒྲགས་ཡོད་པ་རེད་དེ། རྟོག་ཞིབ་ཚོགས་པ་ཁག་ཅིག་གིས་ཁ་ཆེ་མི་རིགས་༦༧༠༠ ལས་མང་བ་བསད་ཡོད་པའི་ཚོད་དཔག་ཁྱབ་བསྒྲགས་བྱས་ཡོད་པ་རེད། དམག་མིའི་དྲག་སྤྱོད་དང་དམར་གསོད།བཙན་གཡེམ་སོགས་ལས་ཐར་ཆེད་དུ། ཁ་ཆེ་རུང་གྷེ་ཡ་མི་རིགས་འབུམ་༧ ལས་མང་བ་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་ཌེ་ཤིར་བྲོས་བྱོལ་དུ་སོང་ཡོད་པ་རེད།

རུང་གྷེ་ཡ་མི་རིགས་ལ་དྲག་གནོན་དང་དམར་གསོད་ཀྱི་གནད་དོན་ལ་བརྟེན་ནས། རྒྱལ་སྤྱིའི་ནང་འབར་མའི་འགོ་ཁྲིད་ལྕམ་ཨང་སན་སུ་ཅི་དང་དམག་གི་སྒྲིག་འཛུགས་ལ་སྐྱོན་བརྗོད་ཆེན་པོ་བྱུང་ཡོད་ཀྱང་། ད་བར་གནད་དོན་དེ་སེལ་ཐུབ་མེད་ལ། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལྕམ་ཨང་སན་སུ་ཅི་ཡིས་གནད་དོན་དེའི་ཐད་འགན་ཁུར་དང་དམག་གི་སྒྲིག་འཛུགས་ལ་ཁ་གཏད་སྐྱོན་བརྗོད་བྱེད་ཀྱི་མེད་པའི་སྐྱོན་བརྗོད་འོག དེ་སྔོན་ཁོང་ལ་སྤྲད་པའི་གཟེངས་རྟགས་ཁག་ཅིག་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཅིག་གིས་ཕྱིར་བསྡུ་བྱས་ཡོད་ཁར། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕྱིར་བསྡུ་དགོས་པའི་དགོས་འདུན་འདོན་མཁན་ཡང་བྱུང་ཡོད་པ་རེད།

རུང་གྷེ་ཡ་མི་རིགས་དེ་འབར་མའི་གཞུང་གི་ངོས་འཛིན་ཡོད་པའི་རྒྱལ་ཁབ་དེའི་མི་རིགས་༡༣༥ ཡི་ནང་དུ་ཚུད་ཀྱི་མེད་ཁར། ཕྱི་ལོ་༡༩༨༢ ལོ་ནས་ཁོ་ཚོར་མི་སེར་ལག་ཁྱེར་སྤྲོད་རྒྱུ་བཀག་འགོག་བྱས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༨༦༩ ཀློག་གྲངས།