བོད་ཡིག་དུས་དེབ་རྙིང་ཤོས་གྲས་<<གཏམ་ཚོགས་>>གླེང་བ།

རྒན་ན་ག་སངས་རྒྱས་བསྟན་དར།

ཕྱི་ལོ་༡༩༨༡ ལོ་ནས་ད་བར་བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱེད་བཞིན་པའི་གཏམ་ཚོགས་དུས་དེབ་ནི་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་རྙིང་ཤོས་གྲས་ཤིག་ཡིན་ཁར། བར་དུ་ལོ་༡༠ ཙམ་རིང་མཚམས་ཆད་ཡོད་ཀྱང་རྗེས་སུ་རྒྱུན་མཐུད་ནས་ད་བར་པར་སྐྲུན་བྱེད་བཞིན་ཡོད་པ་རེད། འདི་གའི་གསར་འགོད་པས་༢༠༡༩ ལོའི་ཟླ་༨ པའི་ཚེས་༢༣ ཉིན་ད་ལྟའི་གཏམ་ཚོགས་དུས་དེབ་ཀྱི་རྩོམ་སྒྲིག་པ་རྒན་ན་ག་སངས་རྒྱས་བསྟན་དར་ལ། དུས་དེབ་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་སོགས་ཀྱི་ཐོག་ལ་བཅར་འདྲི་བྱས་པ་ཡིན།

དྲི་བ། གཏམ་ཚོགས་དུས་དེབ་ཀྱི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་གནང་རོགས།

ལན། གཏམ་ཚོགས་དུས་དེབ་དེ་ཐོག་མར་༡༩༨༡ ལོར་པར་སྐྲུན་བྱེད་འགོ་བཙུགས་ཡོད་པ་དང་། རྩོམ་སྒྲིག་པ་ཐོག་མ་ལོ་རྒྱུས་མཁས་དབང་རྒན་བཀྲ་ཤིས་ཚེ་རིང་ལགས་རེད། ལོ་རེར་འདོན་ཐེངས་གཉིས་རེ་པར་སྐྲུན་བྱེད་ཀྱི་ཡོད་པ་དང་། སྐབས་དེར་ཕལ་ཆེར་བོད་ཕྱི་ནང་གཉིས་ནས་བོད་ཀྱི་རྩོམ་ཡིག་དུས་དེབ་དང་པོ་གྲས་ཆགས་ཀྱི་ཡོད་པས་ལོ་རྒྱུས་ཐོག་ནས་གལ་ཆེན་ཞིག་ཆགས་ཡོད། དམིགས་ཡུལ་ནི་དེའི་ནང་གསལ་བ་ལྟར་བོད་འབྲེལ་ཤེས་ཡོན་གོ་རྟོགས་གོང་འཕེལ་ཆེད་དང་། བོད་ཡིག་ཐོག་རྩོམ་ཡིག་འབྲི་མཁན་རྣམས་ལ་གོ་སྐབས་ཕུལ་ཆེད་ཀྱང་རེད། འདོན་ཐེངས་དང་པོ་དེའི་ནང་རྩོམ་ཡིག་ཕུལ་མཁན་རྣམས་ནི་རཀ་ར་རིན་པོ་ཆེ་དང་། ཀིརྟི་རིན་པོ་ཆེ། བཀྲ་ཤིས་རྡོ་རྗེ་བཅས་ཡིན་པས། མཁས་པ་བགྲེས་པ་ཤ་སྟག་ཆགས་ཡོད་པ་དང་། སྐབས་དེར་ལོ་རྒྱུས་རྩོམ་ཡིག་ཡིན་པ་ལས་ཞིབ་འཇུག་རྩོམ་ཡིག་མ་རེད། ཐོག་མར་འགོ་འཛུགས་བྱས་སྐབས་ཀམ་པུ་ཊར་མེད་པས་འདོན་ཐེངས་དང་པོ་དེ་ལྕགས་པར་བརྒྱབ་རེད། དེ་རྗེས་ལྕགས་པར་བརྒྱབ་པ་དང་ལག་བྲིས་བྱས་པ་ཡང་ཡོད་རེད་དེ། ལྕགས་པར་ནང་ཡི་གེ་ཁག་ཅིག་འདང་མ་འདང་གི་དཀའ་ངལ་ཡང་ཡོད་རེད། གང་ལྟར་མང་ཆེ་བ་ཡིག་གཟུགས་ཡག་པོ་ཡོད་མཁན་གླས་ཏེ་ལག་བྲིས་བྱས་པ་རེད།

དྲི་བ། གཏམ་ཚོགས་དུས་དེབ་ཀྱི་བརྗོད་བྱ་ལོ་རྒྱུས་ཀྱི་ཞིབ་འཇུག་གི་རྩོམ་ཡིག་ཡིན་ནམ།

འདོན་ཐེངས་དང་པོ།

ལན། བརྗོད་བྱ་གཙོ་བོ་དེ་ལོ་རྒྱུས་རེད། རྩོམ་པ་པོ་ཁག་ཅིག་གིས་ལོ་རྒྱུས་ཀྱི་ཞིབ་འཇུག་རྩོམ་ཡིག་ཕུལ་གྱི་ཡོད་པ་དང་། ཁག་ཅིག་གིས་ཞིབ་འཇུག་རྩོམ་ཡིག་མིན་ཡང་སོ་སོའི་ལུང་པ་དང་དེའི་དགོན་པ།ཆུ་དང་གཙང་པོ། མི་རབས་སྔོན་མའི་བཤད་སྲོལ་སོགས་སྔ་རབས་ད་རབས་རྒྱུས་ཡོད་མཁན་ཚོས་ལོ་རྒྱུས་བྲིས་ནས་ཕུལ་མཁན་ཡོད་པས། བརྗོད་བྱ་བརྗོད་བྱེད་ཡག་པོ་ཡོད་ན་ཉམས་ཞིབ་མིན་ཡང་དུས་དེབ་ནང་བཀོད་ཀྱི་ཡོད་རེད། ལྷག་པར་རྒན་རབས་ཚོའི་སྔ་རབས་ད་རབས་དེ་ཚོ་ཉམས་ཞིབ་ཆགས་ཀྱི་མེད་ཀྱང་། མ་འོངས་པའི་ཉམས་ཞིབ་པ་ཚོར་ཉམས་ཞིབ་ཀྱི་ས་བོན་ཆགས་ཀྱི་ཡོད་པས་གལ་ཆེན་རེད།

དྲི་བ། རྩོམ་ཡིག་འདེམས་སྒྲུག་བྱེད་སྟངས་གང་འདྲ་ཡིན་ནམ།

ལན། རྩོམ་ཡིག་འདེམས་སྒྲུག་བྱེད་སྟངས་ལས་སླ་པོ་རེད། རྩོམ་ཡིག་ཡག་པོ་ཡོད་པ་དང་དུས་དེབ་ནང་ས་ཆ་ཡོད་ཚེ་པར་སྐྲུན་བྱེད་ཀྱི་ཡོད། ཡག་པོ་མེད་ན་དགོངས་དག་ཞུ་རྒྱུ་རེད། དེ་མིན་རྩོམ་ཡིག་འབེལ་འབེལ་ལྷུག་ལྷུག་ཕུལ་མཁན་ནི་མེད་པས། འདང་ལ་མ་འདང་ཡིན་པས་འདེམས་སྒྲུག་བྱེད་པར་དཀའ་ངལ་དེ་ཙམ་མེད་རེད།

དྲི་བ། རྩོམ་པ་པོ་རྣམས་ལ་རྩོམ་ཡོན་ཕུལ་གྱི་ཡོད་དམ།

ལན། ད་བར་རྩོམ་ཡོན་ཕུལ་ཡོད་མ་རེད་ལ་ཕུལ་ཡང་ཐུབ་ཀྱི་མེད་པ་རེད། རྩོམ་ཡོན་ཕུལ་གྱི་ཡོད་པ་སྟོན་ཆེད་ཕུལ་ནའང་འགྲིག་གི་རེད་དེ། ཐུག་པ་འཐུང་བྱེད་གཅིག་ལས་ཕུལ་ཐུབ་མ་རེད། འོན་ཀྱང་དུས་དེབ་ནང་རྩོམ་ཡིག་འདེམས་སྒྲུག་བྱུང་བའི་རྩོམ་པ་པོ་རྣམས་ལ་དུས་དེབ་ཀྱི་པར་ཕུད་ལྔ་རེ་ཕུལ་གྱི་ཡོད། དེ་བཞིན་རྩོམ་པ་པོ་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་ཡོན་ཏན་གོང་མཐོར་གཏོང་བ་དང་ཀློག་པ་པོ་རྣམས་ལ་རང་གི་རྩོམ་ཡིག་ལེགས་སྐྱེས་སུ་ཕུལ་རྒྱུ། རྩོམ་ཡིག་དེ་དག་མ་འོངས་པར་ལོ་བརྒྱ་ཕྲག་ཁ་ཤས་གནས་རྒྱུ་ཡིན་པ་སོགས་ལ་བསམ་བློ་གཏོང་གི་ཡོད་རེད་དྲན་གྱི་འདུག 

དྲི་བ། སྔ་མ་དང་དེང་སང་བར་ལ་དུས་དེབ་མངགས་ཉོ་བྱེད་མཁན་གྱི་ཁ་གྲངས་ཐོག་ཁྱད་པར་ཡོད་དམ།

ལན། སྤྱིར་བཏང་ནས་དུས་དེབ་འདི་ཁ་གྲངས་མང་པོ་པར་སྐྲུན་བྱེད་ཀྱི་མེད། སྔ་མ་ཡིན་ན་ཕལ་ཆེར་འདོན་ཐེངས་རེར་གྲངས་༥༠༠ པར་སྐྲུན་བྱེད་ཀྱི་ཡོད་པ་ཡོད། དེང་སང་༣༠༠ དང་༥༠༠ བར་པར་སྐྲུན་བྱེད་ཀྱི་ཡོད་པ་རེད། པར་བརྒྱབ་ཚར་བའི་རྗེས་སུ་དེང་སང་མཐུན་རྐྱེན་ཡོད་ཙང་གསལ་བསྒྲགས་བྱེད་ཀྱི་ཡོད། དེའི་རྗེས་སུ་མངགས་ཉོ་བྱེད་མཁན་ཚོས་ཉོ་ཡི་ཡོད་པ་ལས། རྒྱུན་གཏན་གྱི་མངགས་ཉོ་བྱེད་མཁན་དེ་འདྲ་མི་འདུག

དྲི་བ། ད་བར་གཏམ་ཚོགས་དུས་དེབ་འདོན་ཐེངས་ག་ཚོད་པར་སྐྲུན་བྱས་ཡོད་དམ།

ལན། ཕྱི་ལོ་༡༩༨༡ ནས་༡༩༩༣ བར་ལོ་རེར་འདོན་ཐེངས་༢ རེ་པར་སྐྲུན་བྱས་ཡོད་རེད། དེའི་ནང་༡༩༩༢ ཀྱི་འདོན་ཐེངས་ད་ལྟ་བར་པར་སྐྲུན་བྱས་ཐུབ་མེད། དེ་ནས་རྒན་བཀྲ་ཤིས་ཚེ་རིང་ཕལ་ཆེར་༡༩༩༢ ལོར་དཔེ་མཛོད་ཁང་ནས་དགོངས་པ་ཞུས་པས། ཕྱི་ལོ་༡༩༩༤ ནས་༢༠༠༥ བར་པར་སྐྲུན་བྱས་མ་ཐུབ་པར་ལུས་པ་རེད། ༢༠༠༥ ལོར་ང་རྩོམ་སྒྲིག་པར་བསྐོ་གཞག་བྱས་ནས་ད་བར་པར་སྐྲུན་མུ་མཐུད་བྱེད་མུས་ཡིན་པ་དང་། ངའི་རྩོམ་སྒྲིག་ལས་རོགས་ངེས་དོན་རྒྱ་མཚོ་རེད།

དྲི་བ། སྔ་མ་དང་ད་ལྟ་བར་རྩོམ་ཡིག་ཕུལ་མཁན་གྱི་ཁ་གྲངས་བར་ཁྱད་པར་ཡོད་དམ།

འདོན་ཐེངས་གསར་ཤོས།

ལན། རྩོམ་ཡིག་ཕུལ་མཁན་གྱི་ཁ་གྲངས་འདྲ་བོ་རེད། གང་ཡིན་ཟེར་ན་ཕྱི་ལོ་༢༠༠༥ ནས་ད་བར་རྩོམ་ཡིག་མང་དྲགས་ནས་ལྷག་པ་དེ་འདྲ་མེད་ལ། ཉུང་དྲགས་ནས་པར་སྐྲུན་བྱས་མ་ཐུབ་པ་དེ་འདྲ་ཡང་བྱུང་མེད་རེད། དུས་དེབ་ནང་ཤོག་གྲངས་བརྒྱ་ལྷག་ཡོད་པས། སྐབས་རེ་རྩོམ་ཡིག་གསར་པས་ཤོག་གྲངས་༨༠ ལྷག་བསྐངས་ཐུབ་ཚེ། ལྷག་མ་རྣམས་ཡིག་ཆ་གལ་ཆེན་ཡིན་པ་ཁག་ཅིག་ཁ་སྣོན་བྱེད་ཀྱི་ཡོད། རྒྱུན་དུ་ནས་དུས་དེབ་ནང་རྩོམ་ཡིག་གསར་པ་ཤ་སྟག་འགོད་ཐབས་བྱེད་ཀྱི་ཡོད་པ་དང་། སྐབས་རེ་ཤོག་གྲངས་ལྷག་མ་བྱུང་ཚེ་ཡིག་ཆ་དཀོན་པོ་རྙིང་པ་གལ་ཆེན་ཡང་འགོད་ཀྱི་ཡོད།

དྲི་བ། མ་འོངས་པར་གཏམ་ཚོགས་དུས་དེབ་ནང་བརྩམས་སྒྲུང་པར་སྐྲུན་བྱེད་འཆར་ཡོད་དམ།

ལན། དུས་དེབ་འདི་ལོ་རྒྱུས་དང་ལོ་རྒྱུས་ཉམས་ཞིབ། མཐོང་ཐོས་རིག་གསུམ་སོགས་ཀྱི་རྩོམ་ཡིག་དུས་དེབ་གཅིག་ཡིན་པས། བརྩམས་སྒྲུང་སྡེ་ཚན་མེད།

དྲི་བ། ད་བར་གཏམ་ཚོགས་དུས་དེབ་པར་སྐྲུན་བྱེད་པར་དཔལ་འབྱོར་དང་རྩོམ་ཕུལ་མཁན་གྱི་དཀའ་ངལ་ཡོད་དམ།

ལན། ལོ་གཅིག་ལ་དུས་དེབ་འདོན་ཐེངས་གཉིས་འདོན་གྱི་ཡོད་དུས། དམིགས་བསལ་གྱི་སྔོན་རྩིས་མེད་ཀྱང་དཔལ་འབྱོར་གྱི་དཀའ་ངལ་དེ་འདྲ་མེད་རེད། རྩོམ་ཕུལ་མཁན་གྱི་དཀའ་ངལ་ཡོད་པ་རེད་དེ། ཉུང་དྲགས་ནས་པར་སྐྲུན་བྱེད་མ་ཐུབ་པ་བྱུང་མེད་མོད། འབེལ་འབེལ་ལྷུག་ལྷུག་དེ་འདྲ་ཡང་བྱུང་གི་མི་འདུག

དྲི་བ། གཏམ་ཚོགས་དུས་དེབ་ཀྱི་རྗེས་སུ་བཙན་བྱོལ་ནང་དུས་དེབ་མང་པོ་ཞིག་པར་སྐྲུན་བྱས་ཡོད་ཀྱང་། རྒྱུན་མཐུད་མ་ཐུབ་པའི་རྒྱུ་མཚན་ག་རེ་མཐོང་གི་ཡོད་དམ།

ལན། དེ་དཀའ་ངལ་ཆེན་པོ་རེད། གཏམ་ཚོགས་དུས་དེབ་ཀྱང་དུས་སྐབས་ཤིག་རིང་པར་སྐྲུན་བྱས་མ་ཐུབ་པར་ལུས་རེད། དེ་ཡང་ཐོག་མར་རྒན་བཀྲ་ཤིས་ཚེ་རིང་གིས་འགན་ཁུར་བཞེས་ནས་པར་སྐྲུན་བྱས་རེད། རྗེས་སུ་དགོངས་པ་ཞུས་པས། ཁོང་གི་ཚབ་ལ་རྩོམ་སྒྲིག་པ་གསར་པ་བསྐོ་གཞག་མ་ཐུབ་ནས་ལྷག་པ་ལྟར། བཙན་བྱོལ་ནང་དུས་དེབ་མང་པོ་ཞིག་རྒྱུན་མཐུད་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་མི་ཆ་དང་རྩོམ་གྱི་དཀའ་ངལ་རེད་དྲན་གྱི་འདུག དཔལ་འབྱོར་གྱི་དཀའ་ངལ་ཕྲན་བུ་ཡོད་རེད་དེ། ཐབས་ཤེས་བྱས་ན་པར་སྐྲུན་བྱེད་ཐུབ་པ་ཞིག་ཡོང་གི་རེད།

དྲི་བ། ཁྱེད་ཀྱིས་ཀློག་པ་པོ་དང་མང་ཚོགས་ལ་ལམ་སྟོན་དང་རེ་སྐུལ་ཞུ་རྒྱུ་ཡོད་དམ།

ལན། ལམ་སྟོན་གང་ཡང་མེད། འོན་ཀྱང་གལ་སྲིད་ཁྱེད་ཀྱི་རྩོམ་ཡིག་ཡག་པོ་དང་དེ་བཞིན་བོད་མི་མང་གིས་མཁྱེན་དགོས་པ་དང་རྒྱུས་མེད་པའི་རྩོམ་ཡིག་འདྲ་ཡོད་ཚེ། ང་ཚོར་བསྐུར་བ་ཡིན་ན་མང་ཚོགས་ཀྱི་ཆེད་དུ་པར་སྐྲུན་བྱེད་རྒྱུར་ཕན་ཐོགས་ཡོང་གི་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༦༡༦ ཀློག་གྲངས།