འཕྱི་མ་དྲགས་ཀྱང་སྔ་མེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༦༥  ཕྱི་ལོ་ ༢༠༡༩/༨ /༢༡

སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེས་སྣེ་ཁྲིད་པའི་བཀའ་ཤག་གིས་ལྔ་དང་ལྔ་བཅུའི་ཚོགས་འདུ་གང་མང་ཞིག་གོ་སྒྲིག་གནང་སོང་བ་དང་། ཉེ་བའི་ཆར་བསྐྱར་དུ་ལྔ་དང་ལྔ་བཅུའི་ན་གཞོན་ཚོགས་འདུ་ཞིག་གོ་སྒྲིག་གནང་སོང་། དེ་ལ་སྤྱི་ཚོགས་དྲ་ལམ་ཁག་ཏུ་མིང་ཡོད་མཁན་དང་མེད་མཁན་གྱི་དྲར་ཞུགས་པ་མང་པོས་ཕྱོགས་གང་ས་ནས་བགྲོ་གླེང་བྱས་སོང་ལ། སྐྱོན་བརྗོད་དང་བསྔགས་བརྗོད་ཀྱི་བསམ་ཚུལ་ཡང་ཡོད་ཡོད་པ་རེད། འོན་ཀྱང་སྤྱི་ཚོགས་དྲ་ལམ་ཁག་ཏུ་འགྲོ་བཞིན་པའི་བསམ་ཚུལ་དག་ལ་མཚོན་ན་སྐྱོན་བརྗོད་སྟབས་བདེ་རེ་དང་། རྒྱབ་སྐྱོར་གྱི་བསམ་ཚུལ་ཐན་ཐུན་རེ་ཙམ་ལས་མ་འོངས་པར་ལྔ་དང་ལྔ་བཅུའི་ནང་ག་རེ་དགོས་མིན་བརྗོད་མཁན་ནི་མཐོང་རྒྱུ་མི་འདུག་ལ། དེ་འདྲ་མེད་ཀྱང་ཆོག གལ་སྲིད་མ་འོངས་པར་ལྔ་དང་ལྔ་བཅུའི་ནང་ག་རེ་བྱེད་དགོས་མིན་གཙོ་བོ་ཆེད་དུ་སྔ་རྗེས་སུ་ཚོགས་ཞུགས་བྱས་པའི་མི་སྣ་རྣམས་ཀྱི་ནང་ནས་རག་ཐུབ་པའི་རེ་བ་རྒྱག་དགོས་པ་ཞིག་རེད། དེར་བརྟེན་ལྔ་དང་ལྔ་བཅུ་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཏུ་གྱུར་ཡོད།

ལྔ་དང་ལྔ་བཅུའི་ན་གཞོན་ཚོགས་འདུའི་ནང་ན་གཞོན་ཚོས་བོད་སྐད་ཆ་ཚང་རྒྱག་མི་ཐུབ་པའི་དཀའ་ངལ་ཡོད་མཁན་མང་པོ་ཡོད་པར་སྤྱི་ཚོགས་འཕྲིན་ལམ་ཁག་ཏུ་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་པ་དང་། ལྔ་དང་ལྔ་བཅུའི་གནད་དོན་ལ་བསམ་བློ་བཏང་ན་བོད་ཀྱི་སྐད་ཡིག་རིག་གནས་མི་ཤེས་པའི་ན་གཞོན་མང་པོ་ཡོད་པ་དེ་ཡང་སེམས་འཚབ་ཆེན་པོ་བྱེད་དགོས་པའི་གནད་དོན་ཞིག་ཡིན་པ་དོན་དངོས་རེད། ཕྱོགས་གཅིག་ནས་བཤད་ན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚར་ལོང་བྱུང་བའི་ན་གཞོན་ཕལ་ཆེ་བས་བོད་སྐད་ཡག་པོ་རྒྱག་མི་ཤེས་པ་དང་། བོད་སྐད་ཅུང་ཙམ་རེ་ཤེས་ཀྱང་བོད་ཀྱི་རིག་གནས་མི་ཤེས་པའི་གནས་སྟངས་ཤིག་ཡོད་པ་མ་ཟད། རྒྱ་བལ་འབྲུག་གསུམ་དུའང་བོད་ཀྱི་སྐད་ཡིག་རིག་གནས་མི་ཤེས་པའི་ན་གཞོན་མང་པོ་ཞིག་ཡོང་གི་ཡོད་པས། ལྔ་དང་ལྔ་བཅུའི་འཆར་གཞི་དང་སྲིད་བྱུས་འདི་ཉིད་ལ་བརྟེན་ནས། གང་ཐུབ་ཐུབ་ཀྱིས་གནད་དོན་དེའི་ཐོག་གདོང་ལེན་གྱི་ཆེད་དུ་གྲ་སྒྲིག་ཅིག་བྱེད་མ་ཐུབ་ན། མ་འོངས་པར་བོད་ཀྱི་གནས་སྟངས་ཛ་དྲག་ཆགས་རྒྱུ་ཉག་གཅིག་ལས་མེད།

ད་ལྟ་ནས་བཙན་བྱོལ་བོད་མིའི་མི་རབས་གསར་པའི་གནས་སྟངས་འདི་འདྲ་ཞིག་ཏུ་འགྱུར་བཞིན་ཡོད་ན། མ་འོངས་པར་འདི་ལས་ཀྱང་ཛ་དྲག་ཆགས་རྒྱུ་ཡིན་པ་དང་། ད་ལྟའི་ཆར་བོད་མི་ན་གཞོན་མང་པོ་ཞིག་འདི་ལྟ་བུའི་སྡིངས་ཆ་བརྒྱུད་ནས་བོད་པའི་སྤྱི་ཚོགས་ནང་ཚུར་འཁྲིད་ཐུབ་པ་ཙམ་གྱིས་ནུས་པ་ཆེན་པོ་ཞིག་ཏུ་ངོས་འཛིན་དགོས་པ་དང་། འདི་ལ་བརྟེན་ནས་ན་གཞོན་དེ་དག་གི་མ་འོངས་མི་ཚེ་དང་། མི་རབས་ཀྱི་ཆེད་དུ་སེམས་འཚབ་ཆེན་པོ་ཞིག་སྐྱེ་ཐུབ་པའི་དབང་དུ་བཏང་ན། རང་ཉིད་ཀྱིས་བོད་ཀྱི་སྐད་ཡིག་ལ་སྦྱང་བརྩོན་བྱ་རྒྱུ་དང་། རང་ཉིད་ཀྱི་བུ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་སྦྱོང་བརྩོན་གྱི་གོ་སྐབས་ཤིག་བསྐྲུན་པའི་བསམ་བློ་འཁོར་དགོས་པ་ཞིག་རེད། དེ་ལ་བརྟེན་ནས་བོད་ཀྱི་ཛ་དྲག་གི་ཉེན་ཁ་དེ་ལས་སྐྱོབ་ཐུབ་པའི་གོ་སྐབས་ཤིག་ཡོད་པ་ལས། གཞན་ཧ་ཅང་ཁག་པོ་རེད། ད་ལྟའི་ན་གཞོན་རྣམས་ལ་བོད་ཀྱི་སྐད་ཡིག་གི་ཉེན་ཁ་མེད་པ་དང་། བོད་དོན་གྱི་བསམ་བློ་ཆ་ཚང་ཞིག་ཡོད་པའི་དབང་དུ་བཏང་ན། ལྔ་དང་ལྔ་བཅུའི་འཆར་གཞི་དགོས་དོན་མེད་ལ། དེ་ལ་བརྟེན་ནས་ཚོགས་འདུ་མང་པོ་འདི་འདྲ་ཡང་འཚོགས་དགོས་དོན་གཏན་ནས་མེད།

ལྔ་དང་ལྔ་བཅུ་ཞེས་པ་དེ་འཚོ་ཐབས་སམ། ཟས་གོས་ཙམ་གྱི་ཆེད་དུ་བསམ་བློ་གཏོང་མི་འོས་པ་དང་། གཙོ་ཆེ་ཤོས་ཆབ་སྲིད་ཀྱི་ཐོག་ནས་དགྲ་གཉེན་མགོན་གསུམ་མ་ནོར་བ་ཞིག་གི་ཐོག་ནས། བོད་མི་རིགས་འདི་འགྱེལ་ས་ནས་ལང་ཐུབ་དགོས་པའི་སེམས་ཤུགས་དང་འཆར་གཞི་ཡོད་མཁན་གྱི་མི་རབས་གསར་པ་ཞིག་དགོས་པ་དང་། བོད་ཀྱི་སྐད་ཡིག་རིག་གནས་རྒྱུད་འཛིན་གྱི་ཐོག་ནས་གདེང་ཚོད་ཡོད་པ་ཞིག་ཏུ་འགྱུར་དགོས་པ་དེ་ལྔ་བཅུའི་དགོས་མཁོ་ངོ་མ་དེ་ཡིན་ལ། མ་འོངས་པའི་ལོ་ཁ་ཤས་ནང་བོད་པའི་གནད་དོན་ཐག་གཅོད་ཡོང་ཐབས་ཆེད། ག་རེ་དགོས་མིན་ནི་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཕུགས་འདུན་གཙོ་བོ་དེ་ཡིན་ཡང་། གནད་དོན་དེའི་ཐོག་ལ་རྒྱ་གཞུང་གིས་གུ་ཡངས་དང་བསམ་ཤེས་མ་བྱས་ན། ང་ཚོས་ཐབས་ཤེས་དང་འབད་བརྩོན་ག་རེ་བྱས་ཀྱང་ནུས་པ་འཐོན་རྒྱུའི་རེ་བ་ཆེན་པོ་གང་ཡང་མེད་ཀྱང་། གནད་དོན་འདིའི་ཐོག་ལ་བསམ་བློ་མི་གཏོང་ཀ་མེད་དུ་གྱུར་ཡོད་པས། ཕྱོགས་ཡོངས་ནས་དོ་སྣང་དང་འབད་བརྩོན་བྱེད་དགོས་པ་དེ་གལ་ཆེ་ཡང་ལོ་ལྔའི་ནང་ཐག་གཅོད་ཐུབ་པའི་རེ་བ་ཧ་ཅང་ཕྲ།

མདོར་ན་ལྔ་དང་ལྔ་བཅུའི་གནད་དོན་ནི། མི་རིགས་ཤིག་གི་གནད་དོན་དང་། འཐབ་རྩོད་ཅིག་གི་གནད་དོན། རིག་གཞུང་ཞིག་གི་འཚོ་གནས་སོགས་དང་འབྲེལ་བ་ཡོད་པས། ཧ་ཅང་གལ་ཆེན་དོན་ཆེན་ཞིག་ཏུ་བརྩི་དགོས། མི་རིགས་དང་འཐབ་རྩོད་རིག་གཞུང་བཅས་ཀྱི་ཚེ་སྲོག་རྒྱུན་རིང་གནས་ཐུབ་པར་ད་ནས་འབད་བརྩོན་དང་གྲ་སྒྲིག་ཡག་པོ་བྱེད་མ་ཐུབ་ན། ལོ་ལྔ་བཅུ་འདིའི་ནང་དུ་གནད་དོན་དེ་དག་གི་ཐོག་ལ་མཛུབ་མོ་འཛུགས་ས་མེད་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ནི་སྨྲོས་མི་དགོས་པ་རེད། ད་ལྟ་བཀའ་ཤག་གི་ངོས་ནས་ལྔ་དང་ལྔ་བཅུའི་འཆར་གཞི་དང་ལས་རིམ་དེ་དག་བསྒྲིགས་ནས་མི་རབས་གསར་པ་མང་པོ་ཞིག་ལ་དོ་སྣང་དང་། འདུ་ཤེས་གསར་པ་ཞིག་བསྐྲུན་ཐུབ་པ་དེ་ཡང་བསྔགས་བརྗོད་འོས་པ་ཞིག་ཏུ་གྱུར་ཡོད། ཚོགས་ཞུགས་པའི་ནང་དུ་བོད་སྐད་ཡག་པོ་རྒྱག་ཐུབ་མིན་ལ་བརྟེན། སྲིད་སྐྱོང་གིས་གཙོས་གསུང་བཤད་གནང་མཁན་དག་གིས་བསྲེས་སྐད་བརྒྱབ་མིན་སོགས་ནི། བོད་མི་རིགས་མི་བརླག་པའི་ཆེད་དུ་ཐབས་མཁས་ཀྱི་ཐོག་ནས་ན་གཞོན་རྣམས་ཚུར་འགུགས་པའི་ཐབས་ལམ་ཞིག་ཏུ་དམིགས་ཡོད་པར་ངོས་འཛིན་དང་ཡིད་ཆེས་བྱེད་བཞིན་ཡོད།།

 

Share this:
༦༠༧ ཀློག་གྲངས།