དམག་ཆེན་གཉིས་པའི་རྗེས་དྲན་ཐོག་ཇར་མན་སྲིད་འཛིན་གྱིས་’གུ་ཡངས’གཏོང་བའི་འབོད་སྐུལ་ཞུས། 

ཟླ་༩ ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་ཉི་མའི་ཉིན་ཕོ་ལན་ཌི་ཡི་རྒྱལ་ས་ཝོར་སོ་(WARSAW) ལ་སྐོང་འཚོགས་བྱས་པའི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་དྲན་ཚོགས་འདུའི་སྟེང་། ཇར་མན་སྲིད་འཛིན་ཧྥི་རན་ཁི-ཝོལ་ཋར་(Frank-Walter Steinmeier) གྱིས་དམག་ཆེན་གཉིས་པའི་སྐབས་ཁོང་གི་རྒྱལ་ཁབ་ཀྱིས་ཕོ་ལན་ཌི་དང་ཡོ་རུབ་ཀྱི་ས་ཁུལ་གཞན་ལ་སྡུག་བསྔལ་ཚད་མེད་བསླངས་པར་འགྱོད་གདུང་དྲག་པོ་ཡོད་ཚུལ་བརྗོད་པ་མ་ཟད། ཉིན་དེར་དམག་ཆེན་གཉིས་པ་འགོ་འཛུགས་སའི་རྒྱལ་ཁབ་ཏུ་འཛོམས་པའི་འཛམ་གླིང་འགོ་ཁྲིད་ཚོ་ལ་རྒྱལ་ཞེན་རིང་ལུགས་ལ་གཟབ་གཟབ་དགོས་པའི་ཉེན་བརྡའང་བཏང་ཡོད་འདུག 

ཕོ་ལན་ཌི་ཡི་འགོ་ཁྲིད་མཐོ་ཤོས་རྣམས་དང་། ཨ་རིའི་སྲིད་འཛིན་གཞོན་པས་མཚོན་པའི་འཛམ་གླིང་གི་འགོ་ཁྲིད་མང་པོ་མཉམ་ཞུགས་བྱས་པའི་རྗེས་དྲན་ཚོགས་འདུ་དེའི་ཐོག ཇར་མན་སྲིད་འཛིན་གྱིས་“དམག་ཆེན་དེ་ནི་ཇར་མན་གྱི་སྡིག་ཉེས་ཤིག་ཡིན་”ཞེས་བཤད་དེ་ཕྱི་ལོ་༡༩༣༩ ཟླ་༩ ཚེས་༡ ཉིན་ཕོ་ལན་ཌི་ནས་འཚོ་ཚུགས་པའི་དམག་ཆེན་དེའི་ནང་། ཧི་ཋི་ལར་(Hitler)སྲིད་གཞུང་གིས་ཕོ་ལན་ཌི་ཡི་མི་སེར་འབོར་ཆེན་ཞིག་བསད་པ་དེར་མྱ་ངན་ཞུས་པའི་ཁར། ཕོ་ལན་ཌི་ཡི་མི་མང་ཚོས་གུ་ཡངས་ཀྱི་རྣམ་འགྱུར་བསྟན་པར་བཀའ་དྲིན་ཆེ་ཞུས་ཡོད་འདུག 

ཁོང་གིས་བརྗོད་དོན། “ངས་སྡུག་བསྔལ་མྱོང་མཁན་ཚོར་མྱ་ངན་གུས་དུད་ཞུ་རྒྱུ་དང་། ཇར་མན་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་ཉེས་ཆད་དེར་གུ་ཡངས་གཏོང་བའི་འབོད་སྐུལ་རྒྱུ་ཡིན་པ་མ་ཟད། གཏན་ནས་དེ་ལྟ་བུ་ཞིག་མི་ཡོང་བའི་འགན་ལེན་ཞུ་རྒྱུ་ཡིན།”

ཇར་མན་གྱིས་ཕོ་ལན་ཌི་ལ་བཙན་འཛུལ་བྱེད་འགོ་བརྩམས་ནས་བདུན་ཕྲག་གཉིས་ཕྱིན་རྗེས། ཨུ་རུ་སུས་ཀྱང་བཙན་འཛུལ་བྱས་ཏེ་ཕོ་ལན་ཌི་ཡི་མི་མང་ཚོ་ལ་ཕྱོགས་གཉིས་ནས་སྡུག་བསྔལ་ཚད་ལས་འདས་པ་མྱངས་པ་དང་། ལོ་དྲུག་ཙམ་གྱི་རྗེས་སུ་དམག་ཆེན་གྱི་མཇུག་བསྒྲིལ་དུས། ཕོ་ལན་ཌི་ཡི་མི་མང་ས་ཡ་དྲུག་ཙམ་ཞིག་བསད་ཡོད་ཅིང་། དེ་དག་གི་ཕྱེད་ཀ་ལྷག་ཙམ་ཇེའུ་མི་རིགས་ཡིན། 

ཕོ་ལན་ཌི་ཡི་སྲིད་འཛིན་ཨན་ཌར-དྷོ་ཌི་(Andrzej Duda) ཡིས་དམག་ཆེན་གཉིས་པའི་སྐབས་ཁོང་གི་རྒྱལ་ཁབ་ཀྱིས་མྱངས་པའི་སྡུག་བསྔལ་དང་མནར་གཅོད་དྲན་གསོ་བྱས་པ་དང་། དེར་འཛོམས་པའི་མི་རྣམས་ཀྱིས་བཙན་རྒྱལ་རིང་ལུགས་ཀྱི་བསམ་བློ་དང་། བཙན་ཤེད་ཀྱིས་རྒྱལ་མཚམས་འགྱུར་བ་གཏོང་བ་དེ་སྣང་མེད་དུ་སྐྱུར་མི་ཉན་ཚུལ་བརྗོད་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༧༩༣ ཀློག་གྲངས།