ཨ་རྒྱའི་ཚོང་དམག་སྔར་ལས་ཀྱང་ཛ་དྲག་ཏུ་གྱུར་བ།

ཟླ་འདིའི་ཚེས་༢ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར། འཛམ་གླིང་གི་སྟོབས་འབྱོར་ཆེ་ཤོས་ཀྱི་རྒྱབ་ཁབ་གཉིས་ཏེ། ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཕར་ཚུར་གྱི་ཚོང་ཟོག་ལ་སྒོ་ཁྲལ་འཕར་མ་སྣོན་རེས་བྱས་ཏེ་ལོ་གཅིག་ལྷག་གི་གོང་དུ་འགོ་ཚུགས་པའི་ཚོང་དམག་དེ་སྔར་བས་ཀྱང་ཛ་དྲག་ཏུ་བཏང་ཡོད་འདུག 

དེ་ཡང་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་ཚོང་ཟོག་ལ་བཞག་པའི་སྒོ་ཁྲལ་གསར་པ་དེ་ཟླ་༩ ཚེས་༡ རེས་གཟའ་ཉི་མའི་ཉིན་དངོས་སུ་འགོ་ཚུགས་ཤིང་། པེ་ཅིང་གིས་ཨ་རི་ནས་ནང་འདྲེན་བྱས་པའི་རྡོ་སྣུམ་(crude oil) གྱི་བརྒྱ་ཆ་༥ ལ་སྒོ་ཁྲལ་བཞག་སྟབས། ཨ་རྒྱའི་ཚོང་དམག་འགོ་ཚུགས་པ་ནས་བཟུང་རྡོ་སྣུམ་ལ་སྒོ་ཁྲལ་འཇལ་བ་ཐོག་མ་དེ་ཆགས་ཡོད་འདུག 

ཊོམ་སྲིད་གཞུང་གིས་རྒྱ་ནག་ནས་ནང་འདྲེན་བྱས་པའི་ཨ་སྒོར་ཐེར་འབུམ་༡༢༥ ཡི་ཚོང་ཟོག་ལ་བརྒྱ་ཆ་བཅོ་ལྔའི་ཁྲལ་བཞག་ཡོད་ཅིང་། ཚོང་ཟོག་དེ་དག་གི་ཁྲོད་དུ་སྐུད་མེད་སྒྲ་སྒམ་དང་། རྣ་ཉན། ཚོང་རྟགས་སྣ་ཚོགས་ཀྱི་ལྷམ། གྱོན་ཆས། ནང་ཆས། བྱིས་པའི་ཆུ་གདན། འོ་མ་སོགས་ཉེར་མཁོའི་ཅ་དངོས་རྣམས་འདུས་ཡོད་ལ། ཁྱོན་ཡོངས་ནས་བཤད་ན། སྒོ་ཁྲལ་གསར་པ་དེའི་འོག་རྒྱ་ནག་ནས་ནང་འདྲེན་བྱས་པའི་གྱོན་ཆས་ཀྱི་བརྒྱ་ཆ་༨༧ དང་། ལྷམ་གྱི་བརྒྱ་ཆ་༥༢ ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་འདུག 

དེ་ལ་རྒོལ་ལན་སློག་ཆེད། རྒྱ་ནག་གིས་ཨ་སྒོར་ཐེར་འབུམ་༧༥ ཡི་ཨ་རིའི་ཚོང་ཟོག་ལ་སྒོ་ཁྲལ་འཕར་མ་རྒྱག་འགོ་བརྩམས་པ་དང་། ཨ་རི་ནས་རྒྱ་ནག་ལ་ནང་འདྲེན་བྱས་པའི་ཚོང་ཟོག་སྣ་ཁ་(རིགས)ཁྱོན་སྡོམ་༥,༠༧༨ ཡོད་པ་ལས་༡,༧༡༧ ལ་བརྒྱ་ཆ་༥ དང་༡༠ ཡི་ཁྲལ་བསྣན་པ་མ་ཟད། དེའི་ནང་ལ་མ་ཚུད་པའི་ཚོང་ཟོག་ལྷག་མ་རྣམས་ལ་ཕྱི་ཟླ་༡༢ ནང་སྣོན་འཆར་ཡོད་འདུག 

ཆེད་ལས་མཁས་པ་ཁ་ཅིག་གིས་བཤད་པ་ལྟར་ན། ད་ཐེངས་ཨ་རིའི་མི་སེར་ཚོས་ཚོང་དམག་གི་བསླངས་པའི་དཀའ་ངལ་དངོས་སུ་ཚོར་ངེས་པ་དང་། ཨ་རིའི་སྤྱིར་བཏང་གི་ཁྱིམ་ཚང་ཞིག་གི་ལོ་རེའི་འགྲོ་གྲོན་ནང་ཨ་སྒོར་༡,༠༠༠ ཙམ་འཕར་རྒྱུ་ཡིན་འདུག་མོད། འོན་ཀྱང་དཔལ་འབྱོར་མཁས་པ་འགའ་ཤས་ཀྱིས་ཨ་རིའི་མི་སེར་མང་པོ་ཞིག་གིས་ཚོང་ཟོག་ལས་ཞབས་ཞུའི་རྣམ་གྲངས་(ཁང་པ་དང་། ཤེས་ཡོན་སློབ་གསོ། འཕྲོད་བསྟེན་ལྟ་སྐྱོང་ལྟ་བུ་ཡིན།)ཐོག་ཏུ་འགྲོ་གྲོན་མང་བ་གཏོང་གི་ཡོད་པས། ལོ་རེའི་འགྲོ་སྒོ་དེ་ལྟ་བུ་འཕར་མི་སྲིད་ཚུལ་བཤད་ཀྱི་ཡོད་འདུག 

ཨ་རྒྱའི་ཚོང་གི་གཡུལ་འགྱེད་ཛ་དྲག་ཏུ་འགྲོ་བཞིན་པའི་སྐབས་འདིར། ཨ་རིའི་བཟོ་ཚོང་ཁང་རྣམས་ཀྱིས་སོ་སོའི་བཟོ་སྐྲུན་གྱི་ལྟེ་གནས་དེ་རྒྱ་ནག་ནས་ཐའེ་ཝན་དང་ཝི་ཏྲི་ནམ་(Vietnam) ལྟ་བུའི་རྒྱལ་ཁབ་གཞན་དུ་སྤོ་འགོ་བརྩམས་ཟིན་པ་དང་། ཨ་རྒྱའི་ཚོང་འབྲེལ་ལྷན་ཁང་(U.S.-China Business Council) གིས་ཟླ་སྔོན་མར་བཏོན་པའི་ཞིབ་འཇུག་གྲུབ་དོན་ལྟར་ན། རྒྱ་ནག་ཏུ་ཚོང་ལས་གཉེར་བཞིན་པའི་ཨ་རིའི་བཟོ་ཚོང་ཁང་རྣམས་ཀྱི་ཁྲོད་ནས་རྒྱ་ཆ་༡༧ གྱིས་ལོ་སྔོན་མར་རྒྱ་ནག་ཏུ་ཚོང་ལས་གཉེར་བའི་མ་རྩ་བཞག་པ་རྣམས་ཉུང་དུ་གཏོང་བའམ་མེད་པ་བཟོས་ཡོད་ཚུལ་བཤད་པ་མ་ཟད། བརྒྱ་ཆ་༡༣ གྱིས་ཁོ་ཚོས་༢༠༡༩ ནང་རྒྱ་ནག་ཏུ་ཚོང་ལས་གཉེར་མཚམས་བཞག་ཡོད་པ་དང་། ཡང་གཉེར་མཚམས་འཇོག་པའི་འཆར་གཞི་འདིང་བཞིན་ཡོད་སྐོར་སྨྲས་ཡོད་འདུག 

སྒོ་ཁྲལ་ལ་བརྟེན་ནས་བཟོ་ཚོང་ཁང་རྣམས་རྒྱ་ནག་ནས་ཕྱི་ལ་འགྲོ་བཞིན་པ་དེར་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཧ་ལས་པའི་རྣམ་འགྱུར་གང་ཡང་མ་བསྟན་པའི་ཐོག ཁོས་“བཟོ་ཚོང་ཁང་མང་པོ་ཞིག་རྒྱ་ནག་ནས་ཕྱིན་ཚར་བ་རེད་ལ། ད་རུང་ཡང་དེ་ལས་མང་བ་ཞིག་འགྲོ་བཞིན་ཡོད། ཁོང་ཚོ་དེར་ཚོང་ཡག་པོ་ཞིག་ཡོང་གི་མེད། ལོ་ངོ་༦༡ ནང་གི་ཚོང་སྐྱོ་ཤོས་ཀྱི་ལོ་དེ་ཡོང་བཞིན་པ་ངས་ཤེས་ཀྱི་ཡོད་”ཅེས་བརྗོད་ཡོད་འདུག 

ཨ་རྒྱའི་ཚོང་དམག་གི་གནོན་ཤུགས་དང་བུ་ལོན་དཀའ་ངལ་འོག་ཏུ་རྒྱ་ནག་གི་དཔལ་འབྱོར་ཤིན་ཏུ་ཉམས་ཆག་འགྲོ་བཞིན་ཡོད་དེ། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་དེ་ལོ་ངོ་སུམ་ཅུའི་ནང་བྱུང་མྱོང་མེད་པའི་དལ་དུ་ཕྱིན་ཡོད་ལ། ཕྱི་ཟླ་བདུན་པའི་ནང་རྒྱ་ནག་གི་་ལས་ཀ་ཉུང་དུ་ཕྱིན་པའི་ཚད་དེ་ལྟ་བུ་ཞིག་སྔོན་ཆད་གཏན་ནས་བྱུང་མྱོང་ཡོད་མི་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༡༨༣༥ ཀློག་གྲངས།