༧གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་གློག་བརྙན་ལ་དགའ་བསུ་ཆེན་པོ་ཐོབ་འདུག 

ཏཱ་ལའི་བླ་མ། ཚན་རིག་པ་ཞེས་པའི་དངོས་བྱུང་གློག་བརྙན་དེ་ཐེངས་དང་པོར་མང་ཚོགས་ལ་བསྟན་འདུག་པ་དང་། ལྟད་མོ་བ་ཚོས་གློག་བརྙན་དེར་དགའ་བསུ་ཆེན་པོ་ཞུས་འདུག གློག་བརྙན་དེའི་ནང་ད་བར་མཐོང་མྱོང་མེད་པའི་བརྙན་ཐུང་མང་པོ་ཞིག་ཡོད་པ་རེད་འདུག 

ཟླ་༨ པའི་ཚེས་༣༡ ཉིན་ཡུ་རོབ་ཨི་ཊ་ལིའི་གྲོང་ཁྱེར་ཝི་ནི་སེར། འཛམ་གླིང་ནང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་རྙིང་ཤོས་གྲས་དང་སྐད་གྲགས་ཆེ་ཤོས་གྲས་སུ་ཚུད་པའི་ཝི་ནི་སེའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་༧༦ པའི་ཐོག དེ་སྔོན་གློག་བརྙན་ཐོག་བྱ་དགའ་ཐོབ་མྱོང་མཁན་ལྕམ་ཌྭོན་གྷི་ཧྥོར་ཌ་ཨེན་གྷ་ལཱི་ཡིས་བཟོས་པའི་ཏཱ་ལའི་བླ་མ། ཚན་རིག་པ་ཞེས་པའི་དངོས་བྱུང་གློག་བརྙན་དེ་ཐེངས་དང་པོར་མང་ཚོགས་ལ་བསྟན་འདུག་པ་དང་། གློག་བརྙན་མཇུག་བསྒྲིལ་རྗེས་ལྟད་མོ་བ་རྣམས་ཀྱིས་ཡར་ལངས་ནས་དགའ་བསུ་ཆེན་པོ་ཞུས་ཡོད་འདུག 

དེ་ཡང་དངོས་བྱུང་གློག་བརྙན་དེའི་ནང་༧གོང་ས་མཆོག་གིས་ཕྱི་ལོ་༡༩༧༠ ལོ་ནས་བཟུང་ད་བར་རྒྱལ་སྤྱིའི་ཚན་རིག་པ་གྲགས་ཅན་ཚོ་དང་ལྷན་བགྲོ་གླེང་རིམ་པ་འཚོགས་པའི་སྐོར་དང་། དེ་བཞིན་དགུང་ལོ་གཞོན་པའི་དུས་ནས་ཚན་རིག་ལ་དོ་སྣང་ཆེན་པོ་ཡོད་པའི་ལོ་རྒྱུས། ནང་པའི་མཁས་དབང་དང་ཚན་རིག་པ་དབར་ཚད་རྡུལ་དངོས་ཁམས་རིག་པ་དང་། སེམས་ཁམས་རིག་པ། དབང་རྩ་ཚན་རིག་སོགས་ཀྱི་སྐོར་བགྲོ་གླེང་གནང་སྟེ་ནང་པའི་མཁས་དབང་དང་ཚན་རིག་པ་དབར་ཟམ་པ་ལྟ་བུ་བཟོས་གནང་མཛད་པའི་སྐོར། མཛད་རྗེས་དེ་དག་ལ་བརྟེན་ནས་ཚན་རིག་པས་ནང་ཆོས་ཀྱི་ལྟ་གྲུབ་ལ་མཐོང་ཕྱོགས་འགྱུར་བ་དང་། བཟང་པོའི་ཤུགས་རྐྱེན་ཐེབས་པ་སོགས་ཀྱི་སྐོར་ཡོད་འདུག 

གློག་བརྙན་དེ་ཡང་ཕྱི་ལོ་༡༩༩༦ ལོར་གསར་འཛུགས་བྱས་པའི་ཞི་བདེའི་ཐེབས་རྩ་(Peace Jam)ཡིས། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་རྣམས་ཀྱི་མཛད་འཕྲིན་ལོ་རྒྱུས་སྐོར་བཟོ་སྐྲུན་བྱེད་ཀྱི་ཡོད་པ་ལྟར། ལས་འཆར་དེའི་ཆ་ཤས་ཀྱི་གློག་བརྙན་དྲུག་པ་དེ་ཡིན་འདུག གློག་བརྙན་དེ་བཟོ་སྐྲུན་བྱེད་ཆེད་དུ་འཛམ་གླིང་གང་ས་ནས་དེ་སྔོན་མཐོང་མྱོང་མེད་པའི་བརྙན་ཐུང་མང་པོ་ཞིག་འཚོལ་ཞིབ་འདེམས་སྒྲུག་བྱས་ཏེ། ལོ་དྲུག་རིང་བཟོ་སྒྲིག་བྱས་པ་ཞིག་ཡིན་འདུག་ལ། གློག་བརྙན་དེའི་དུས་ཡུན་ཆུ་ཚོད་༡ དང་སྐར་མ་༣༥ ཙམ་ཡོད་འདུག 

གློག་བརྙན་དེ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ལྕམ་བྷེ་ཊི་ཝི་ལིམ་སི་ཡིས་དབུ་འབྱེད་བྱས་ཡོད་པ་དང་། ༧གོངས་མཆོག་ནི་ཁོང་གི་གྲོགས་མཆོག་ཡིན་པའི་སྐོར་གཏམ་བཤད་གནང་འདུག སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ཀྱིས་གློག་བརྙན་འཁྲབ་ཁྲིད་པ་དང་བཟོ་སྐྲུན་པ་། དབུ་འབྱེད་གནང་མཁན་བཅས་ལ་ཐུགས་རྗེ་ཆེ་ཞུས་ཏེ་ཁ་བཏགས་རེ་བསྒྲོན་ཡོད་པ་རེད། །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༧༣༧ ཀློག་གྲངས།