ལྐོག་ཟ་རུལ་སུངས་ཐེར་འདོན་བྱས་རྗེས་ཁྲིམས་ལ་ཐུག་པ།

ཟླ་འདིའི་ཚེས་༤ ཉིན་ཨལ་ཇི་ཛི་ར་གསར་ཁང་(Aljazeera) ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་གསར་འགོད་པ་ཞིག་གིས་ལྐོག་ཟ་རུལ་སུངས་ཐེར་འདོན་བྱས་རྗེས། ཁྲིམས་ལ་ཐུག་ནས་ཉེན་ཁ་ཆེན་པོ་ཕྲད་པའི་གནས་ཚུལ་བྱུང་འདུག 

དེ་ཡང་གསར་འགོད་པ་དེའི་མིང་ལ་ཕ་ཝང-ཁུའུ་མར་(Pawan Kumar Jaiswal) ཟེར་ཞིང་། ཨོ་ཋར་མངའ་སྡེའི་(Utter Pradesh) ས་གནས་ཧིན་དྷུའི་གསར་ཁང་ཞིག་གི་གསར་འགོད་པ་ཡིན་འདུག ཁོང་གིས་ས་གནས་དེ་གའི་སློབ་གྲྭ་ཞིག་ཏུ་ཟླ་བ་འགའ་ཤས་རིང་སློབ་མ་ཚོ་ལ་གུང་ཟས་སུ་ཚྭ་དང་བག་ལེབ་འབའ་ཞིག་ལས། སྲིད་གཞུང་གི་ལས་འཆར་དང་སྒྲིག་གཞི་ལྟར་འཚོ་བཅུད་ལྡན་པའི་གུང་ཟས་རག་གི་མེད་པའི་གནས་ཚུལ་གོ་རྗེས། ཟླ་༨ ཚེས་༢༢ ཉིན་སློབ་གྲྭ་དེར་དངོས་སུ་ཕྱིན་ནས་གནས་ཚུལ་རྒྱུས་ལོན་བྱས་པ་མ་ཟད། སློབ་མ་ཚོས་ཚྭ་དང་བག་ལེབ་རྐྱང་བ་ཟ་བཞིན་པ་བརྙན་བླངས་ནས་སྤེལ་བས། བརྙན་ཐུང་དེ་སྤྱི་ཚོགས་དྲ་ལམ་གང་སར་ཁྱབ་གདལ་ཕྱིན་ནས་མི་མང་ཁྲོད་ཁོང་ཁྲོ་ཤུགས་ཆེན་བསླངས། 

ས་གནས་ཉེན་རྟོག་པ་དང་འབྲེལ་ཡོད་འགོ་ཁྲིད་ཚོས་གཞུང་གིས་གཏན་འབེབས་བྱས་པའི་གུང་ཟས་ཀྱི་ལས་འཆར་ལག་བསྟན་མ་བྱས་པ་དེ་ངོས་ལེན་བྱེད་རྒྱུའི་ཚབ་ཏུ། ཟླ་༨ ཚེས་༣༡ ཉིན། གསར་འགོད་པ་ཁོ་དང་ཁོ་ལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གཉིས་ཀྱིས་བྷེ་ཇི་ཕི་(BJP) གཞུང་གིས་འགོ་ཁྲིད་པའི་མངའ་སྡེའི་གཞུང་གི་མཚན་སྙན་ལ་གནོད་པའི་ལས་ཀ་བརྩམས་པའི་ཉེས་པ་བཙུགས་ཏེ་ཁྲིམས་ལ་སྦྱར་བ་མ་ཟད། ཁོང་གཉིས་ཀྱིས་ཁྲིམས་འགལ་གྱི་ལྐོག་བྱུས་བཤམས་པ་དང་དཔང་རྟགས་རྫུན་མ་བྱིན་པའི་ཉེས་པ་བཙུགས། 

ད་ལྟ་གསར་འགོད་པ་ཕ་ཝང-ཁུའུ་མར་གྱིས་སྤེལ་བའི་གནས་ཚུལ་དེ་དངོས་བདེན་ཡིན་པའི་ར་འཕྲོད་བྱུང་ཡོད་ཀྱང་། ཁོང་ལ་བཙུགས་པའི་ཉེས་པ་དེ་དག་མངའ་སྡེའི་གཞུང་ནས་ཕྱིར་འཐེན་དགོས་པའི་བཀའ་ཕབ་མེད་པས། ཁོ་ལ་བཙོན་འཇུག་དང་བཀག་ཉར་གྱི་ཉེས་པ་ཕོག་ཆོག་ཆོག་ཡིན་འདུག

གསར་འགོད་པ་ཕ་ཝང-ཁུའུ་མར་ལ་ཕྲད་པའི་དཀའ་ཉེན་དེ་ནི། ད་ལྟ་རྒྱ་གར་གྱི་ཤིན་ཏུ་སྐྱོ་བའི་གསར་འགོད་རང་དབང་དང་། གསར་འགོད་པ་ཚོའི་གནས་སྟངས་མཚོན་བྱེད་གསར་ཤོས་ཤིག་ཆགས་ཡོད་པ་མ་ཟད། རྒྱ་གར་གྱིས་གསར་འགོད་རང་དབང་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་སྟབས། ཧྥ་རན་སིའི་རྒྱལ་ས་ཕེ་རི་སི་ལ་རྟེན་གཞི་བྱས་པའི་གསར་འགྱུར་རང་དབང་རྟོག་ཞིབ་ཚོགས་པ་(Reporters sans Frontieres) ཡི་སྙན་ཐོའི་ནང་། རྒྱལ་ཁབ་༡༨༠ ལས་རྒྱ་གར་ཨང་༡༤༠ ཆགས་ཡོད་པ་དང་། ཨང་རིམ་དེ་ནི་ཨ་ཧྥི་གྷ་ནི་སི་ཐན་དང་འབར་མ་ལས་ཀྱང་དམའ་བ་ཡིན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༡༨༨༩ ཀློག་གྲངས།