ཀིརྟི་དགོན་པའི་གྲྭ་བློ་བཟང་རྡོ་རྗེ་ལ་ཁྲིམས་ཆད།

ཕྱི་ཟླ་༩ ཚེས་༣ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྡོ་རྗེ། རང་ལོ་༣༦ ཙམ་ཡིན་པ་ཁོང་ལ་རྒྱ་ནག་གཞུང་གིས་རྔ་པ་ནས་ལོ་༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག 

དྷ་ས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། གྲྭ་བློ་བཟང་རྡོ་རྗེ་ནི་ལོ་སྔོན་མའི་ཕྱི་ཟླ་༧ པའི་ཟླ་དཀྱིལ་གྱི་མཚན་མོ་ཀིརྟི་དགོན་པའི་རང་ཤག་ནས་རྒྱ་ནག་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་ཅིང་། དེ་ནས་བཟུང་ད་བར་ཐག་གཅོད་གང་ཡང་མ་བྱས་པར་བཀག་ཉར་བྱས་ཡོད་འདུག  དེ་སྔོན་ཁོང་འཛིན་བཟུང་བྱེད་སྐབས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པའི་རྐྱེན་གྱིས་ཡིན་སྐད་འདུག་ཀྱང་། ཉེ་ཆར་ཁྲིམས་ཐག་གཅོད་སྐབས་ཉེས་མིང་ག་རེ་བཏགས་ཡོད་མེད་སོགས་ཞིབ་ཕྲ་ཤེས་རྟོགས་མ་བྱུང་།

ཁོང་ནི་རྔ་བ་རྫོང་ཕྱུགས་ལས་འགབ་མའི་ཕ་སངས་རིས་ཀྱི་བུ་ཡིན་པ་དང་། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས། དེ་སྔོན་ཕྱི་ལོ་༢༠༠༨ ལོར་འཛིན་བཟུང་གིས་ལོ་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་མྱོང་ཡོད་པས། ད་ཐེངས་བཙོན་ཐག་བཅད་པ་དེ་ཐེངས་གཉིས་པ་ཡིན་འདུག 

བོད་མིའི་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་བྱེད་ཀྱི་ཡོད་པས། ངོ་རྒོལ་ལས་འགུལ་བ་རྒྱ་ནག་གཞུང་གིས་གསེང་བའི་ཐོག་ནས་འཇུ་བཟུང་བྱས་ཏེ། གནས་སྟངས་གང་ཡིན་ཕྱི་ལ་འགྲེལ་བཤད་མ་བྱས་པའི་གནས་ཚུལ་མང་པོ་འབྱུང་གི་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༥༥༥ ཀློག་གྲངས།