ན་གཞོན་ནུས་སྟོབས་གོང་སྤེལ་ཟབ་སྦྱོང་ཐེངས་དང་པོ་འགོ་བཙུགས་སོང་།

ཟླ་༩ པའི་ཚེས་༧ ཉིན་རྡ་སྟེང་བོད་ཁྱིམ་གྱི་ཞི་བདེ་ཁང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོགས་སྐྱོར་ཚན་པའི་བོད་མིའི་མདུན་ལམ་སློབ་སྟོན་ཁང་གིས་གོ་སྒྲིག་བྱས་པའི། ན་གཞོན་ནུས་སྟོབས་གོང་སྤེལ་ཟབ་སྦྱོང་ཐེངས་དང་པོའི་དབུ་འབྱེད་མཛད་སྒོ་འཚོགས་སོང་བ་དང་། དེའི་ཐོག་སྐུ་མགྲོན་གཙོ་བོ་ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་དང་། ཟབ་ཁྲིད་པ་རྒྱ་གར་བ་ཆེད་ལས་པ་གཉིས། ན་གཞོན་རོགས་སྐྱོར་ཚན་པ་དང་མདུན་ལམ་སློབ་སྟོན་ཁང་གི་ལས་བྱེད་རྣམས། ས་གནས་ཁག་༡༡ ནས་སླེབས་པའི་མཉམ་ཞུགས་པ་༡༧ བཅས་ཚང་འཛོམས་གནང་སོང་།

ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོགས་སྐྱོར་ཚན་པའི་འགན་འཛིན་ཐུབ་བསྟན་རིག་འཛིན་གྱིས་ངོ་སྤྲོད་གནང་དོན། ན་གཞོན་ནུས་སྟོབས་གོང་སྤེལ་ཟབ་སྦྱོང་ཐེངས་དང་པོ་དེ་གོ་སྒྲེིག་བྱེད་པའི་དམིགས་ཡུལ་གཙོ་བོ་ནི། མཉམ་ཞུགས་པ་རྣམས་ཀྱི་མི་ཚེའི་ནང་བཟང་ཕྱོགས་ཀྱི་ཁ་ཕྱོགས་སམ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ཆེད་ཡིན་པ་དང་། མི་ཚེའི་ནང་འགྱུར་བ་དེ་འགྲོ་བསྡད་ཀྱི་ཡོད་པས། འགྱུར་བ་བཟང་ཕྱོགས་ལ་གང་འདྲ་གཏོང་དགོས་མིན། ཐག་གཅོད་གང་འདྲ་བྱེད་དགོས་མིན། དཀའ་ངལ་ལ་གདོང་ལེན་གང་འདྲ་བྱེད་དགོས་མིན། བཀའ་མོལ་གང་འདྲ་གནང་དགོས་མིན། གནད་དོན་ག་རེ་ཡིན་ནའང་གལ་ཆེ་ཆུང་གང་འདྲ་བརྩི་དགོས་མིན་སོགས་ཀྱི་ཐོག་ལ་ཟབ་སྦྱོང་སྤྲད་རྒྱུ་དང་། དེའི་ཆེད་དུ་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ནས་རྒྱ་གར་ཆེད་ལས་པ་གཉིས་ཆེད་དུ་མངགས་ནས་གླས་ཡོད་པ། ཁོང་གཉིས་ཀྱིས་མཉམ་ཞུགས་པ་རྣམས་ལ་ཟབ་ཁྲིད་བྱེད་རྒྱུ་ཡིན་ཁར། མི་རེ་རེ་ཡི་རྒྱབ་ལྗོངས་དང་གཤིས་ཀ འཆར་གཞི་སོགས་ལ་བསྟུན་ནས་འཆར་གཞི་དང་ལམ་སྟོན་བྱེད་རྒྱུ་ཡིན་པས། ཟབ་སྦྱོང་གི་ཉིན་མཐའ་མར་རང་རང་ལ་མི་ཚེའི་འཆར་གཞི་སྒྲིག་ཐུབ་པ་ཡོང་རྒྱུའི་འཆར་གཞི་ཡོད་པ། མཉམ་ཞུགས་པ་ཚོས་རང་གི་མི་ཚེའི་ནང་མདུན་བསྐྱོད་གང་འདྲ་བྱེད་དགོས་མིན་གསལ་པོ་ཆགས་པའི་རེ་བ་བྱས་ནས་མཉམ་ཞུགས་བྱས་པ་ངོས་འཛིན་བྱེད་ཀྱི་ཡོད་པ། དེ་བཞིན་དེ་སྔོན་ས་གནས་ཁག་ཏུ་བོད་མིའི་མདུན་ལམ་སློབ་སྟོན་ཁང་གི་སློབ་སྟོན་པ་གཉིས་ཕ་མས་ཕྲུ་གུ་གསོ་སྐྱོང་བྱེད་སྟངས་དང་བོད་མིའི་སྤྱི་ཚོགས་དང་རྒྱ་གར་ནང་གཞོན་སྐྱེས་རྣམས་ལ་གོ་སྐབས་གང་འདྲ་ཡོད་མེད་ཐོག་ཟབ་སྦྱོང་དང་གོ་རྟོགས་སྤེལ་བ་འགྲོ་སྐབས། མི་མང་དང་གཞོན་སྐྱེས་རྣམས་ཀྱིས་ན་གཞོན་ནུས་སྟོབས་གོང་སྤེལ་ཟབ་སྦྱོང་ཞིག་འཚོག་ཐུབ་ན་ཡག་པོ་ཡོད་པའི་བསམ་འཆར་སླེབས་པ་ལྟར། ཟབ་སྦྱོང་དེ་གོ་སྒྲིག་བྱས་པ། ཟབ་སྦྱོང་གི་སློབ་ཚན་རྣམས་གོ་སྒྲིག་བྱེད་སྟངས་ནི་མཉམ་ཞུགས་པ་རྣམས་ཀྱིས་འགེངས་ཤོག་ནང་དུ་སོ་སོའི་འཆར་གཞི་དང་ཞན་ཆ། ནུས་པ་སོགས་བཀོད་ཡོད་པས། དེ་དག་ཆ་ཚང་ཟབ་ཁྲིད་པ་གཉིས་ལ་སྤྲད་ནས། དེ་དག་གཞིར་བཞག་གིས་སློབ་ཚན་གོ་སྒྲིག་བྱས་ཡོད་པས། མཉམ་ཞུགས་པ་རྣམས་ལ་ཕན་ཐོགས་ཡོང་ཆེད་གང་ཡོང་གྲ་སྒྲིག་བྱས་ཡོད་པ། དེ་བཞིན་ཟབ་ཁྲིད་པ་གཉིས་དང་མཉམ་དུ་གཏམ་བཤད་གནང་མཁན་བོད་མིའི་སྤྱི་ཚོགས་ཁྲོད་དུ་དཀའ་ལས་བརྒྱབ་ནས་སྤྱི་སྒེར་གཉིས་ལ་ཕན་ཐོགས་སྒྲུབ་མཁན་བོད་མི་ཁག་ཅིག་མགྲོན་འབོད་བྱས་ཡོད་པས། དེ་དག་ལ་བརྟེན་ནས་མཉམ་ཞུགས་པ་རྣམས་ལ་སེམས་ཤུགས་འཕར་བའི་རེ་བ་བྱེད་ཀྱི་ཡོད་སྐོར་གསུངས་སོང་།

སྐུ་མགྲོན་གཙོ་བོ་ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་གིས། མཉམ་ཞུགས་པ་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་ཡག་པོ་ཐོབ་འདུག་པས། མི་ཚེའི་ནང་དཔའ་མི་ཞུམ་པར་མདུན་བསྐྱོད་བྱེད་དགོས་པ་དང་། གཙོ་བོ་མི་ཚེའི་ནང་མདུན་ལམ་ག་རེ་ལ་མདུན་བསྐྱོད་བྱེད་ཀྱི་ཡིན་མིན་ཐོག་འདམ་ག་མི་ནོར་བ་བྱེད་དགོས་པ་དང་། འདམ་ག་བྱས་ཚར་རྗེས་བློ་རྩེ་གཅིག་སྒྲིམ་ཐོག་ནས་དཀའ་ལས་རྒྱག་རྒྱུ་གལ་ཆེན་ཡིན་པ། མདུན་ལམ་དེ་རང་ཉིད་དགའ་མོས་ཡོད་པའི་ལས་རིགས་ཤིག་ཐོག་བསྐྱོད་ཐུབ་ན་ཡག་པོ་ཡོད་པ། དེ་བཞིན་ཤེས་ཡོན་སློབ་སྦྱོང་ཐོག་ཏུ་ཕྱིན་པ་ཙམ་གྱིས་མི་ཚེར་ལམ་འགྲོ་ཡོང་བ་དང་། དེའི་ཐོག་ཏུ་མ་ཕྱིན་པ་ཙམ་གྱིས་ལམ་འགྲོ་མི་ཡོང་བ་ཁྱབ་པ་མེད་པ་དང་། འཛིན་རིམ་མཐོན་པོ་མ་ཐོན་ཡང་མི་ཚེར་ལམ་འགྲོ་ཆེན་པོ་བྱུང་མཁན་གྱི་དཔེ་མཚོན་མང་དག་ཡོད་པས། གཙོ་བོ་སེམས་ཤུགས་མ་ཆག་པར་མི་ཚེའི་མདུན་ལམ་བདམས་པ་དེར་བརྩོན་འགྲུས་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

ཟབ་སྦྱོང་དེ་བདུན་ཕྲག་གཅིག་རིང་འཚོགས་ཀྱི་འདུག་པ་དང་། མཉམ་ཞུགས་པ་རྣམས་ཀྱིས་རང་ཉིད་ཀྱི་མི་ཚེའི་ནང་མདུན་བསྐྱོད་གང་འདྲ་བྱེད་དགོས་མིན་ཐད་ལམ་སྟོན་ཐོབ་པའི་དམིགས་ཡུལ་བཅངས་ནས་མཉམ་ཞུགས་བྱས་པ་ཡིན་སྐོར་རང་ཉིད་ངོ་སྤྲོད་སྐབས་སུ་བརྗོད་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༤༨༨ ཀློག་གྲངས།