བོད་ཀྱི་མ་འོངས་པ་དང་མང་གཙོ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༦༧  ཕྱི་ལོ་ ༢༠༡༩/༩ /༤

ཕྱི་ལོ་༡༩༥༩ ཟླ་༡༢ ནང་ཆོལ་གསུམ་བོད་མི་གནད་ཡོད་མང་པོ་གནས་མཆོག་རྡོ་རྗེ་གདན་དུ་འཛོམས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་ཕུལ་ཞིང་། མ་འོངས་བླང་དོར་ཞུ་བྱའི་མནའ་གན་མཐུ་བོ་ཆེ་ཕུལ་སྐབས་བཀའ་སློབ་ཀྱི་དགོངས་དོན་ལྟར། ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་རང་ཁུངས་ནས་འོས་འདེམས་ཀྱིས་མིང་ཐོ་ཕུལ་བར། ༧གོང་ས་མཆོག་གིས་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་སེར་སྐྱ་གྲངས་བཅུ་གསུམ་ལ་བསྐོ་གཞག་ཕྱག་རྟགས་བསྩལ། ཕྱི་ལོ་༡༩༦༠ ཟླ་༩ ཚེས་༢ ཉིན་མཇལ་ཁ་དང་དམ་འབུལ་ཞུས་པས། ཕྱིས་སུ་ཉིན་དེ་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་པའི་དུས་ཆེན་དུ་གཏན་འབེབས་བྱས། ད་བར་མང་གཙོ་དབུ་བརྙེས་ནས་མི་ལོ་༥༩ འཁོར་བ་རེད། སྤྱི་ཡོངས་འཛམ་གླིང་གི་འགྲོ་སྟངས་དང་། ༧གོང་ས་མཆོག་གི་ཐུགས་རེ་སོགས་གང་ཐད་ནས་མང་གཙོ་ནི་བཙན་བྱོལ་བོད་མི་རྣམས་མ་འོངས་རྒྱུན་གནས་ཐུབ་པའི་ཟུངས་བཅུད་གཙོ་བོ་དེ་ཡིན། སྐབས་རེ་མང་གཙོ་ནི་བཙན་བྱོལ་བོད་མིའི་འགལ་རྐྱེན་ལྟ་བུར་མཐོང་མཁན་ཡོད་ཀྱང་། དོན་དུ་མང་གཙོ་ནི་བཙན་བྱོལ་བོད་མིའི་སྲོག་རྩ་ལྟ་བུར་ངོས་འཛིན་བྱེད་དགོས།

བཙན་བྱོལ་ནང་མང་གཙོ་དབུ་བརྙེས་ནས་མི་ལོ་དྲུག་ཅུ་ལ་ཉེ་བའི་རིང་ཉམས་མྱོང་མང་པོ་བྱུང་ཡོད་ལ། ༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས། མ་འོངས་པར་ཡང་མུ་མཐུད་འདི་ལྟ་བུ་འགྲོ་མི་ཐུབ་པའི་དཀའ་ངལ་ཆེན་པོ་དེ་འདྲ་ཕལ་ཆེར་འཕྲད་མི་སྲིད་སྙམ། དེར་བརྟེན་བཙན་བྱོལ་ནང་མི་འབོར་ཡང་མང་པོ་མེད་པས། དེ་ལས་མ་འོངས་པར་བོད་པ་སྤྱི་ཡོངས་ཀྱི་བདེ་སྡུག་གི་གནས་སྟངས་དང་། རང་དབང་མང་གཙོ་སོགས་དང་འབྲེལ་བ་དམ་ཟབ་ཡོད་སྟབས། གནད་དོན་འདི་ནི་བོད་པ་སྤྱི་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱེད་དགོས་པའི་གནད་དོན་གལ་ཆེ་ཤོས་ཤིག་རེད། ད་ལྟའི་དུས་འདིར་རྒྱ་ནག་ནི་དཔལ་འབྱོར་དང་འབྲེལ་བའི་ཐོག་ནས་རྒྱལ་སྤྱི་ལ་ཁ་ཕྱོགས་བཞིན་ཡོད་ཀྱང་། རང་དབང་མང་གཙོ་དང་འབྲེལ་བའི་ཐོག་ནས་བཤད་ན་བར་ཐག་རིང་ནས་རིང་དུ་འགྲོ་བཞིན་ཡོད་པས། གནས་སྟངས་འདི་ནི་རྒྱ་དམར་གཞུང་ལ་ཁ་རྡུང་གཏོང་བྱེད་ཙམ་མ་ཡིན་པར། བོད་ཀྱི་མ་འོངས་པ་དང་ཡང་འབྲེལ་བ་ཆེན་པོ་ཡོད་པས། གནད་དོན་འདི་ལ་༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་ནས་གྲ་སྒྲིག་དང་ལམ་སྟོན་དགོས་གལ་ཤིན་ཏུ་ཆེ།

སྐུ་ཚབ་རྣམ་གཉིས་ཀྱི་མིང་ཐོག་ནས་རྒྱ་གཞུང་ལ་སྤྲད་པའི་བསམ་འཆར་ཡིག་ཆའི་ནང་། མ་འོངས་པར་བོད་ཀྱི་གནས་སྟངས་དེ་རྒྱུན་འཁྱོངས་གསུམ་ཁས་ལེན་པའི་ཐོག་ནས་མང་གཙོ་མི་དགོས་པ་གསལ་འདོན་བྱས་ཡོད། བར་སྐབས་ཤིག་ལ་ཨ་རིས་གཙོས་རྒྱལ་སྤྱིའི་སྟེང་ནས། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཆེད་དུ་གོ་སྐབས་མང་པོ་སྤྲད་པ་དང་། རོགས་རམ་མང་པོ་བྱས་ནས་རྒྱ་ནག་མང་གཙོ་ལ་འགྱུར་རྒྱུའི་རེ་བ་བརྒྱབ་ཡོད་པ་བཞིན། བཙན་བྱོལ་བོད་མི་མང་པོ་ཞིག་གིས་ཀྱང་རྒྱ་ནག་མང་གཙོར་འགྱུར་རྒྱུའི་རེ་བ་སྟོང་པ་རྒྱག་མཁན་མང་པོ་བྱུང་ཡོད། ད་ལྟའི་ཆར་རྒྱ་ནག་མི་མང་ནི་མི་རིགས་རིང་ལུགས་ཀྱི་ཡོལ་བ་ཆེན་པོ་ཞིག་གི་རྒྱབ་ཏུ་འཛུལ་ནས། རང་དབང་དང་མང་གཙོའི་ཁེ་ཕན་མཐོང་མི་ཐུབ་པར། རྒྱ་གཞུང་གི་རྒྱབ་ལངས་བྱེད་བཞིན་པ་གསལ་དུ་འགྲོ་བཞིན་འདུག ཧོང་ཀོང་ལ་མཚོན་ན་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཧ་ཅང་ཆེན་པོ་ཞིག་སྤེལ་བཞིན་ཡོད་ཀྱང་། རྒྱ་གཞུང་གིས་དེ་ལ་བསམ་ཤེས་དང་གུ་ཡངས་གཏོང་རྒྱུའི་གྲ་སྒྲིག་གང་ཡང་མེད་པ་ལྟ་བུ་ཕྱོགས་མང་པོ་ནས་གསལ་པོར་འགྱུར་བཞིན་ཡོད།

བོད་པའི་གནས་སྟངས་དེ་ཧོང་ཀོང་དང་གཏན་ནས་བསྡུར་ཐབས་མེད་པ་དང་། ཧོང་ཀོང་ནི་དང་པོ་དབྱིན་ཇིའི་འོག་ཏུ་ཡོད་བཞིན་པར་རྒྱ་ནག་གི་འོག་ཏུ་ལོག་པ་ཡིན་པས། རྒྱ་ནག་ཏུ་ཕྱིར་ལོག་ཆེད་དང་པོ་རྒྱ་ནག་གི་རྩ་ཁྲིམས་ལའང་བཟོ་བཅོས་བྱས་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་ཁྲིམས་ལུགས་གཏན་འབེབས་བྱས་ཡོད་པ་རེད། འོན་ཀྱང་འདས་པའི་མི་ལོ་ཉི་ཤུ་ལྷག་རིང་ཧོང་ཀོང་ལ་སྲིད་བྱུས་དམ་ནས་དམ་དུ་བཏང་སྟེ། ད་ལྟའི་ཆར་ཧོང་ཀོང་གི་མི་གྲངས་ཧ་ཅང་མང་པོ་ཐང་དུ་ཐོན་ནས་ངོ་རྒོལ་སྐད་འབོད་རྒྱུན་མི་འཆད་པར་བྱེད་དགོས་ཐུག་གི་ཡོད་པས། རྒྱ་ནག་ཁ་ཏན་ཚིག་ལ་ཇི་ལྟར་གནས་ཀྱི་ཡོད་མེད་ནི་ཤེས་གསལ་རེད། བོད་ནི་ད་ལྟའི་ཆར་རྒྱ་གཞུང་གི་འོག་ཏུ་ཡོད་པས། དམིགས་བསལ་གྱི་ཐོབ་ཐང་ཞིག་སྤྲོད་མི་སྲིད་པ་དང་། གལ་སྲིད་ཡིག་ཐོག་ཏུ་ཅུང་ཙམ་བྲིས་པའི་དབང་དུ་བཏང་ནའང་ལག་བསྟར་མི་བྱེད་པ་ནི། འདས་པའི་ལོ་རྒྱུས་ནང་དོན་ཚན་བཅུ་བདུན་གཏན་འབེབས་བྱས་ཀྱང་ལག་བསྟར་མ་བྱས་པ་དང་། ད་ལྟ་ཧོང་ཀོང་གི་གནས་སྟངས་གཉིས་ཀྱི་ཐོག་ནས་བལྟས་ན་རྒྱ་ནག་ལ་ཡིད་ཆེས་བྱེད་མི་འོས་པ་ཤེས་ཐུབ།

མདོར་ན་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་༣༡ པ་ཆེད་དུ་ཧོང་ཀོང་ལ་དམིགས་ནས་བཟོས་ཤིང་། མ་འོངས་པར་ཐའེ་ཝན་ཡང་བརྒྱུད་ལམ་དེ་ནས་རྒྱ་ནག་གི་ཁོངས་སུ་བཅུག་ཐུབ་པའི་རེ་བ་བརྒྱབ་ཡོད་ཀྱང་། ད་ལྟའི་ཆར་ཧོང་ཀོང་གི་གནས་སྟངས་ལ་བལྟས་ན། ཐའེ་ཝན་མི་མང་ནི་མ་འོངས་པར་རྒྱ་ནག་གི་ཆ་ཤས་བྱས་ནས་སྡོད་རྒྱུར་ཞེད་སྣང་སྔར་ལས་མང་བ་སྐྱེ་ངེས་རེད། བོད་པའི་ངོས་ནས་ཀྱང་ཕྱི་ལོ་༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་རྒྱ་གཞུང་གིས་ལག་བསྟར་མ་བྱས་པ་དང་། ད་ལྟ་ཧོང་ཀོང་གི་གནས་སྟངས་ལས་རྒྱ་གཞུང་ལ་ཡིད་ཆེས་བྱེད་འོས་པའི་གནས་སྟངས་མེད་པ་མ་ཟད། འགྱུར་བ་ཆུང་ངུའི་རིགས་གཏོང་ཆོག་ཚུལ་བརྗོད་སྲིད་ཀྱང་། དོན་དུ་བོད་མི་རིགས་ཀྱི་གནས་བབས་དེ་མང་གཙོའི་ཐོག་ནས་འགོ་ཁྲིད་འོས་འདེམས་བྱེད་རྒྱུ་ཡོད་པ་ཞིག་མ་བྱུང་ན། མ་འོངས་པར་བུ་རབས་ཚ་བརྒྱུད་ལ་མགོ་འགྱོགས་ཐབས་མེད་པ་ཞིག་ཏུ་འགྱུར་ངེས་རེད། དེར་བརྟེན་དེ་སྔོན་རྒྱ་གཞུང་ལ་སྤྲད་པའི་བསམ་འཆར་ཡིག་ཆ་དེ་རྒྱ་གཞུང་གིས་ཁས་ལེན་བྱས་མེད་སྟབས། ང་ཚོའི་ངོས་ནས་ཀྱང་ད་ནས་བཟུང་རྩིས་མེད་བྱེད་དགོས་པ་གལ་ཆེན་པོར་གྱུར་ཡོད།།

Share this:
༤༧༠ ཀློག་གྲངས།