མགར་ཆེན་རིན་པོ་ཆེས་ཐའེ་ཝན་དུ་བྱང་ཆུབ་སེམས་སྡོམ་བསྩལ་བ།

ཟླ་འདིའི་ཚེས་༧ཉིན།ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་སྙན་གྲགས་ཅན་གྱི་ཡཱན་ཧྲན་མགྲོན་ཁང་ཆེན་མོའི་ཚོགས་ཁང་དུ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གསོལ་འདེབས་ཞུས་དོན་ལྟར།ཞིབ་འཇུག་ཚོགས་པ་དང་ཐའེ་ཝན་མགར་ཆེན་ཆོས་ཚོགས་ཟུང་འབྲེལ་ཐོག་༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེས་མི་མང་སྟོང་ཕྲག་གཅིག་དང་དྲུག་བརྒྱ་ཡས་མས་ལ་བྱང་ཆུབ་སེམས་བསྐྱེད་ཀྱི་བཀའ་ཁྲིད་དང་འབྲེལ་བྱང་ཆུབ་སེམས་སྡོམ་བསྩལ་ཡོད་པ་རེད།

དེ་ཡང་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་དྲུང་ཆེ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།འདི་ལོ་ཐའེ་ཝན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་ཆེད་དམིགས་གསོལ་འདེབས་ཞུས་དོན་ལྟར་དཔལ་རྒྱལ་བ་འབྲི་གུང་བའི་བསྟན་པའི་རྩ་ལག་༧སྐྱབས་རྗེ་མགར་ཆེན་དཀོན་མཆོག་རྒྱལ་མཚན་མཆོག་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་མཛད་ཕྲིན་སྐྱོང་བཞིན་པའི་སྐབས་དང་བསྟུན་ནས་ཟླ་འདིའི་ཕྱི་ཚེས་༧ཉིན་རྒྱལ་ས་ཐའེ་པེ་རུ་རིས་མེད་རྒྱ་བོད་ཀྱི་དགེ་འདུན་ཉིས་བརྒྱ་ཙམ་དང་དད་ལྡན་མི་མང་སྟོང་གཉིས་ལ་ཉེ་བར་བྱང་ཆུབ་སེམས་བསྐྱེད་ཀྱི་བཀའ་ཆོས་དང་སྡོམ་པ་གནང་།

བཀའ་ཆོས་གཙོ་བོ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་གལ་ཆེའི་རང་བཞིན་ནན་གསུང་གནང་ཞིང་།བྱང་ཆུབ་གྱི་སེམས་ནི་འཛམ་གླིང་གི་ཞི་བདེ་དང་།རྒྱལ་ཁབ་ཀྱི་བདེ་འཇགས།མི་མང་གི་བདེ་སྐྱིད་བཅས་འཕྲལ་ཡུན་བདེ་བའི་འབྱུང་གནས་ཡིན་པ་དང་།གལ་ཏེ་མི་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་ལ་དད་པ་དང་ཉམས་ལེན་བྱས་པ་ཡིན་ན་འཛམ་གླིང་འཁྲུགས་ཆེན་དང་པོ་དང་གཉིས་པ་ལྟ་བུ་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ནོར་འཁྲུལ་ཆེ་བའི་བྱུང་བ་དེ་ཚོ་ཡོང་མི་དགོས་པ་ཞིག་ཡིན་པ་དང་།ད་ལྟའི་ཆར་འཛམ་བུ་གླིང་གི་ཆོས་ལུགས་ཕལ་མོ་ཆེས་ཀྱང་བྱམས་དང་སྙིང་རྗེའི་ཉམས་ལེན་ལ་རྩ་ཆེན་པོར་བརྩི་བཞིན་ཡོད་པ་དང་།ཁྱད་པར་དུ་ནང་པ་སངས་རྒྱས་པའི་ངོས་ནས་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ནི་ཉམས་ལེན་ཐམས་ཅད་ཀྱི་རྩ་བ་དང་སྙིང་པོར་ངོས་འཛིན་བྱ་བཞིན་ཡོད་པ་སོགས་གསུངས།

ད་དུང་ཐའེ་ཝན་གྱི་བླ་ཆེན་ཧྭེ་ཐའོ་ཧྥ་ཧྲིས་ཀྱང་མགར་ཆེན་རིན་པོ་ཆེ་ནི་དུས་རབས་འདི་སྐྱོབ་པ་འཇིག་རྟེན་གསུམ་མགོན་དངོས་ལྟ་བུ་ཞིག་ཡིན་པ་དང་།ཁོང་སྒེར་ངོས་ནས་ཀྱང་མ་གཞི་རང་ཉིད་རང་མཐོང་ཆེན་པོ་ཞིག་ཡིན་ཡང་།དེ་སྔོན་ཡང་ཨ་རིར་མགར་ཆེན་རིན་པོ་ཆེའི་དྲུང་དུ་ཆེད་གཅར་གྱིས་བདུན་ཕྲག་གཉིས་རིང་སྨིན་གྲོལ་གྱི་གདམས་ངག་མང་པོ་ཞུས་པ་ཡིན།ཁོང་ནི་ངེས་པ་དོན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་མངའ་བདག་ལྟ་བུར་བཞུགས་ཡོད་པ་དང་།ད་ཐེངས་ཡང་ཆེད་དུ་བྱང་ཆུབ་སེམས་ཀྱི་བཀའ་ཆོས་འདི་ཉིད་ཞུ་སར་ཆེད་བཅར་གནང་བ་ཡིན་སྐོར།ཁོང་ཉིད་ཐའེ་འདིར་ཐའེ་ཝན་དུ་ཕེབས་ནས་འདི་ལྟ་བུའི་གཞི་རྒྱ་ཆེ་བའི་བྱང་ཆུབ་སེམས་ཀྱི་བཀའ་ཁྲིད་གནང་བ་ནི་རྒྱ་བརྒྱུད་བོད་བརྒྱུད་གང་ལ་ལྟོས་ཀྱང་མེད་དུ་མི་རུང་བ་ཡིན་པའི་བྱང་ཆུབ་སེམས་ཀྱི་ཉམས་ལེན་གྱི་བརྒྱུད་པ་རིན་པོ་ཆེ་འདིའི་སྲོག་དངོས་སུ་འཐུད་པ་ལྟ་བུ་ཞིག་ཡིན་སྐོར་སོགས་གསུངས།

དེ་བཞིན་ཞིབ་འཇུག་ཚོགས་པའི་ཚོགས་གཞོན་མཁན་པོ་འཇིགས་མེད་རྣམ་རྒྱལ་གྱིས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་གལ་གནད་དང་།མགར་ཆེན་རིན་པོ་ཆེའི་བཅོས་མིན་གྱི་བྱམས་པ་དང་བརྩེ་བའི་ཡོན་ཏན་གྱི་ཆེ་བ།ཞིབ་འཇུག་ཚོགས་པའི་དམིགས་ཡུལ་ཏེ།ནང་པའི་ཆོས་བརྒྱུད་ཕན་ཚུན་བར་གྱི་མཐུན་ལམ་དང་མཉམ་འབྲེལ་གྱི་ནུས་པ་གོང་མཐོར་གཏོང་བ་དང་།ཐའེ་ཝན་ས་གནས་སུ་ཆོས་དང་མཐུན་པའི་སྤྱི་ཕན་ལས་དོན་གནང་དང་གནང་བཞིན་པ་སོགས་ཀྱི་ངོ་སྤྲོད་དང་།ཁྱད་པར་མཛད་རིམ་འདི་འདྲ་ཞིག་གོ་སྒྲིག་དགོས་པའི་རྒྱབ་ལྗོངས་དམིགས་ཡུལ་སོགས་དང་འབྲེལ་བའི་གསུང་བཤད་གནང་ཐོག་ཚོགས་ཐོག་དེར་ཡང་ལོ་འདིའི་ཕྱི་ཟླ་༡༠ཚེས་༥དང་༦ལ་ཚོགས་གཏན་ཁེལ་བའི་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས་དང་ཐའེ་ཝན་ཞིན་པེ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས།ཐའེ་ལན་ཏའི་ཆོས་སྐུ་དགོན་གྱི་ཐའེ་ཝན་གྱི་ཆོས་ཚོགས་བཅས་ནང་བསྟན་བརྒྱུད་པ་གསུམ་གྱི་མཉམ་འབྲེལ་ཐོག་ཚོགས་གཏན་ཁེལ་བའི་ཆེས་མཐོའི་ནང་བསྟན་བགྲོ་གླེང་སྐོར་གྱི་ཚོགས་ཞུགས་དེབ་སྐྱེལ་སོགས་ཀྱང་ཚོགས་ཐོག་དེར་གསལ་བསྒྲགས་བསྐྱངས།ཞིབ་འཇུག་ཚོགས་པའི་ལས་འཛིན་ཚོགས་གཙོ་ལྕམ་ཀྲང་མེ་ལིའི་ཀྱིས་ཞིབ་ཚོགས་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ནས་མཎྚལ་འདེགས་འབུལ་སོགས་ཞུས་རྗེས་ཐེངས་འདིའི་མཛད་སྒོ་གྲུབ་ཡོད་པ་རེད། ཐེངས་འདི་བཀའ་ཆོས་ཀྱི་གཙོ་འགན་བཞེས་གནང་མཁན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ལས་ཐོག་པ་བླ་མ་ཡེ་ཤེས་རབ་རྒྱས་དང་འགན་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་སློབ་དཔོན་བསོད་ནམས་ཉི་མ་རྣམ་པ་གཉིས་ཡིན་པ་རེད།

ད་ཐེངས་ཀྱི་འཚོགས་པ་འདི་ནི་ཐའེ་ཝན་དུ་༧གོང་ས་མཆོག་ལས་གཞན་པའི་བོད་ཀྱི་བླ་ཆེན་ཞིག་གིས་མཛད་ཕྲིན་སྐྱོང་སྐབས་ཀྱི་འདུ་ཚོགས་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད་འདུགམ་ཟད།ཚོགས་ཞུགས་པ་ཡང་ཐའེ་ཝན་གནས་བཞུགས་ཆོས་བརྒྱུད་རིས་སུ་མ་ཆད་པའི་མཁན་སྤྲུལ་དགེ་བཤེས་ཧ་ཅང་མང་པོ་ཕེབས་ཡོད་པར་མ་ཟད།ཚང་མས་རང་རང་སོ་སོའི་ཆོས་བརྒྱུད་ཀྱི་རྩ་བའི་བླ་མ་རྣམ་པར་མཇལ་ནས་ཆོས་ཞུ་བ་དང་གཉིས་སུ་མེད་པའི་བཅོས་མིན་གྱི་དད་བཀུར་ཆེན་པོ་ཞུ་དང་ཞུ་བཞིན་ཡོད་པའི་རྣམ་པ་ཐོན་ཡོད་པ་རེད།འདིའི་ཐད་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཟུར་པ་དང་ད་ལྟའི་རྒྱུན་ལས་ལས་ཐོག་པ་སེར་སྨད་ལྷ་རམས་པ་སྤྲུལ་སྐུ་ཧ་ཤེན་རིན་པོ་ཆེས་གསུངས་དོན།དེ་ཡང་སྔར་རྗེ་བདག་ཉིད་ཆེན་པོ་དགུང་ལོ་བཅུ་དྲུག་ཐོག་དབུས་སུ་ཕེབས་པའི་སྐབས་ས་འབྲི་གུང་སྤྱན་སྔ་འཛམ་གླིང་ཆོས་ཀྱི་རྒྱལ་པོའི་དྲུང་ནས་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་སོགས་ཆོས་རྒྱ་ཆེན་པོ་ཞུས་བ་ལྟར་ད་ཐེངས་ཡང་ངེས་པ་དོན་གྱི་བྱང་ཆུབ་སེམས་དཔའ་འབྲི་གུང་མགར་ཆེན་རིན་པོ་ཆེ་ཁོང་ལྟ་བུ་ཞིག་གི་དྲུང་ནས་བྱང་ཆུབ་སེམས་ཀྱི་སྡོམ་པ་ཞུ་རྒྱུའི་གོ་སྐབས་བྱུང་བ་དང་།བཀའ་ཆོས་འདི་གསོལ་བ་འདེབས་པ་པོའི་ཁོངས་སུ་ཡང་ཆ་ཤས་ལེན་ཐུབ་པ་སོགས་ནི་ཧ་ཅང་དམིགས་བསལ་གྱིས་རྟེན་འབྲེལ་དང་ལས་འཕྲོ་བཟང་པོ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ཚུལ་གསུངས།

དེ་བཞིན་ཚོགས་གཙོ་ལས་ཐོག་པ་དང་སྐབས་འདིའི་གསུང་ཆོས་གོ་སྒྲིག་པའི་ཆེས་མཐོའི་འཐུས་ཚབ་མི་སྣ་བཅས་ཡིན་པའི་ཚོགས་གཙོ་བླ་མ་ཡེ་ཤེས་རབ་རྒྱས་ཀྱིས་ཀྱང་ཐེངས་འདིའི་བཀའ་ཆོས་ཐོག་མཐའ་བར་གསུམ་དུ་ཧ་ཅང་ལེགས་འགྲུབ་བྱུང་ཡོད་པའི་ངོས་འཛིན་དང་འབྲེལ།ད་ལྟའི་ཆར་ཞིབ་འཇུག་ཚོགས་པའི་རྒྱུན་ལས་གོང་མ་དག་གི་ཡུན་རིང་ཕྱག་ལས་གནང་བའི་གྲུབ་འབྲས་དང་ད་ལྟའི་རྒྱུན་ལས་དག་གིས་ཀྱང་ཕྱོགས་གང་ཐད་ནས་ཕྱར་བ་གྲུ་འདེགས་ཀྱིས་ཕྱག་ལས་གནང་བའི་གྲུབ་འབྲས་ལ་འདས་པའི་ལོ་བཅུའི་རིང་འདིར་ཐའེ་ཝན་གྱི་ས་གནས་འདིར་ཕྱག་ལས་མང་པོ་གནང་ཐུབ་ཡོད་པ་དང་།ཁྱད་པར་ཆོས་བརྒྱུད་ཕན་ཚུན་བར་གྱི་མཐུན་ལམ་དང་མཉམ་འབྲེལ་བཅས་ཀྱི་ཐད་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་གང་ལེགས་ཐོན་ཡོད་པར་ངོས་འཛིན་ཞུ་ཆོག་པ་ཞིག་ཡིན་པ་དང་།མ་འོངས་པར་ཡང་དམིགས་བསལ་ཐའེ་ཝན་གནས་བཞུགས་དགེ་འདུན་པ་དག་དང་ཞིབ་འཇུག་ཚོགས་པའི་བར་ཐག་ཉེ་རུ་བཏང་ནས་ཞིབ་འཇུག་ཚོགས་པའི་ལས་དོན་ཁག་ལ་སྔར་ལས་ལྷག་པའི་མཉམ་ཞུགས་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་ལ་འབོད་སྐུལ་གནང་།
དེ་ཡང་༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་ནི་དེང་སྐབས་ཐའེ་ཝན་གྱི་ཆོས་བརྒྱུད་རིས་མེད་ཀྱི་དད་སློབ་དག་གིས་གུས་ཞབས་ཆེ་ཤོས་ཞུ་ཡུལ་གྱི་བོད་ཀྱི་བླ་ཆེན་ཞིག་ཡིན་པ་དང་།ཁོང་གི་ཟོལ་མེད་ཀྱི་འཛུམས་མདངས་དང་བཅོས་མིན་གྱི་རྣམ་འགྱུར།ཕྱོགས་མེད་ཀྱི་བརྩེ་བ་བཅས་ཀྱིས་རྒན་དར་གཞོན་གསུམ་དང་།རྒྱ་བོད་དབྱེར་མེད་ཀྱིས་ཁོང་ལ་སྙིང་རྗེ་ལ་མངའ་བརྙེས་པའི་བདག་ཉིད་ཆེན་པོ་ཞེས་འབོད་ཀྱི་ཡོད་པ་རེད།

དེ་བཞིན་ཁོང་ཉིད་ལོ་ཉི་ཤུའི་རིང་ལ་ཟི་ལིང་བླ་མའི་བཙོན་ཁང་ནས་བཞུགས་མྱོང་མཁན་གྱི་བོད་ཀྱི་བླ་མ་རྒན་ཤོས་གྲས་དང་།དེང་སང་ཁོང་གཙོ་བོར་ཨ་རིར་བཞུགས།ཁོང་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་དངོས་བཤུས་གློག་བརྙན་《སེམས་ཅན་ཀུན་དོན་མཛད་པ་饒益諸有情》ཞེས་པར་ཡང་༧གོང་ས་མཆོག་དང་རྒྱལ་བ་འབྲི་གུང་བའི་བསྟན་པའི་བདག་པོ་༧སྐྱབས་མགོན་རིན་པོ་ཆེ་སོགས་ཀྱིས་ཁོང་གི་སྙིང་བརྗེའི་ཡོན་ཏན་ལ་བསྔགས་པ་ཆེན་པོ་བརྗོད་གནང་ཡོད་པ་རེད། ཁོང་གིས་དངོས་བཤུས་གློག་བརྙན་དེར་སྐབས་དེའི་གནས་སྟངས་མང་པོ་ཞིག་ཀྱང་བློ་སྟོབས་ཆེན་པོས་ཟོལ་མེད་དུ་གསུངས།

ཞིབ་འཇུག་ཚོགས་པས་དེ་སྔོན་ཡང་༧འབྲི་གུང་སྐྱབས་མགོན་རིན་པོ་ཆེ་དང་།དཔལ་ས་སྐྱའི་༧གོང་མ་ཁྲི་འཛིན་དང་གདུང་སྲས་རྣམ་པ།བོད་ནང་གི་༧མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་༧མཁན་ཆེན་བསོད་དར་རྒྱས།༧རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་སོགས་བླ་ཆེན་མང་པོ་ཞིག་ཐའེ་ཝན་དུ་ཕེབས་སྐབས་ཆེད་དུ་གདན་ཞུས་ཀྱིས་སྤྱི་ཕན་གྱི་མཛད་རིམ་མང་པོ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་།ཐའེ་ཝན་གྱི་རྒྱ་བརྒྱུད་ནང་བསྟན་གྱི་ཚོགས་པ་ཆེན་པོ་ཁག་མང་པོ་ཞིག་དང་མཉམ་འབྲེལ་གྱིས་ཕན་ཚུན་བར་གྱི་མཐུན་ལམ་གོང་མཐོར་གཏོང་བ་དང་དུས་ནས་དུས་སུ་ས་གནས་ཀྱི་ཆོས་དང་འབྲེལ་བའི་ལས་དོན་མང་པོ་ཞིག་གི་ཐོག་ཕྱག་ལས་ཧ་ཅང་མང་པོ་ཞིག་གནང་དང་གནང་བཞིན་ཡོད་པ་རེད།

དེ་བཞིན་མགར་ཆེན་རིན་པོ་ཆེ་ཕྱི་ལོ་༢༠༡༦ཟླ་༨ ནང་ཐའེ་ཝན་དུ་ཕེབས་སྐབས་ཀྱང་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གསོལ་འདེབས་ཞུས་དོན་ལྟར་༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེས་མི་མང་སྟོང་ཚོ་མ་ཟིན་ཙམ་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་དབང་དང་།གཤིན་པོ་རྗེས་འཛིན་གྱི་སྦྱང་ཆོག་སོགས་ཀྱི་ཆོས་འབྲེལ་རྒྱ་ཆེར་བསྩལ་མྱོང་ཡོད་པའི་གནས་ཚུལ་འདུག།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༦༣༨ ཀློག་གྲངས།