རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་གྱི་འགོ་ཚུགས་པའི་དུས་སྟོན་གྲ་སྒྲིག་དང་དམ་དྲག

རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་དབང་སྒྱུར་བྱེད་འགོ་ཚུགས་ནས་ལོ་ངོ་༧༠ འཁོར་བའི་དུས་སྟོན་དེ་ཡག་པོ་ཡོང་ཆེད་དང་། སྐབས་དེར་མི་འདོད་པའི་རྙོག་ཟིང་དང་དཀའ་ངལ་གང་ཡང་མི་ཡོང་བའི་ཆེད། སྲིད་གཞུང་གིས་མི་མང་གི་བྱེད་སྒོ་རྣམས་ལ་སྔར་ལས་ཀྱང་ལྷག་པའི་རྟོག་ཞིབ་དང་དམ་དྲག་བྱེད་འགོ་བརྩམས་ཡོད་འདུག

རྒྱ་ནག་གི་“རྒྱལ་ཁབ་དབུ་བརྙེས་པའི་དུས་ཆེན་”ཞེས་པའི་དུས་སྟོན་དེ་ཕྱི་ཟླ་༡༠ ཚེས་༡ ཉིན་ཡིན་ཞིང་། འདི་ལོའི་ལོ་ངོ་༧༠ འཁོར་བའི་དུས་ཆེན་དེའི་ཆེད་དུ། པེ་ཅིང་སྲིད་གཞུང་ནས་གཞི་རྒྱ་ཆེ་བའི་དམག་གི་ཁྲོམ་སྐོར་དང་། དེ་མིན་གྱི་བྱེད་སྒོ་གཞན་མང་པོ་ཞིག་གྲ་སྒྲིག་བྱེད་ཀྱིན་ཡོད་འདུག་སྟེ། རྒྱ་གཞུང་གི་མི་དམངས་དྲ་བས་ཟླ་འདིའི་ཚེས་༡༠ ཉིན་<<རྒྱལ་ཁབ་དབུ་བརྙེས་ནས་ལོ་70 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཉམ་འབྲེལ་ནང་སྦྱོང་ཐོག་མ་བདེ་བླག་ངང་མཇུག་འགྲིལ་བ།>>ཞེས་པའི་གསར་འགྱུར་ཞིག་སྤེལ་བའི་ནང་། “མི་ཁྲི་9 ལྷག་ནང་སྦྱོང་དང་ས་གནས་ས་ཐོག་གི་འགན་ལེན་ལས་དོན་ནང་ཞུགས་པ་རེད།”ཅེས་བཀོད་ཡོད་འདུག 

དུས་ཆེན་དེ་ལེགས་འགྲུབ་ཡོང་བའི་སླད་དུ། པེ་ཅིང་གྲོང་ཁྱེར་སྲིད་གཞུང་ནས་ཕྱི་ཟླ་༨ ནས་བཟུང་ཚོང་ཁང་ཚང་མར་གྲི་དང་སྟ་རེ། ཐོ་བ། ཇེམ་ཙེ་བཅས་འཚོང་མི་ཆོག་པ་བཟོས་པ་དང་། གལ་སྲིད་མི་ཞིག་གིས་གོང་གི་ལག་ཆ་དེ་དག་ལས་གང་རུང་ཞིག་ཉོ་དགོས་ཚེ། ཚོང་ཁང་ཞིག་གི་དྲ་བ་བརྒྱུད་དེ་མངགས་དགོས་པ་དང་། ཚོང་ཁང་དེས་ཀྱང་ཉོ་མཁན་དེའི་ཡིག་ཆ་ཞིབ་བཤེར་བྱས་རྗེས་ད་གཟོད་གཞི་ནས་ཁོའི་ཁྱིམ་དུ་སྐྱེལ་གྱི་ཡོད་འདུག། 

དེ་དང་ཆབ་ཅིག་རྒྱལ་ས་པེ་ཅིང་དུ་བཏང་འབྱོར་བྱུང་བའི་ཅ་དངོས་ཡོད་དོ་ཅོག་ལ་སྔར་ལས་ཀྱང་ལྷག་པའི་གློག་གི་ཞིབ་བཤེར་བྱེད་ཀྱི་ཡོད་པ་མ་ཟད། གློག་ཆས་ཡོད་པའི་ཅ་དངོས་རྣམས་ཕྱི་ཟླ་༡༠ ཚེས་༢ བར་པེ་ཅིང་དུ་གཏོང་མི་ཆོག་པ་བཟོས་ཡོད་འདུག 

པེ་ཅིང་གྲོང་ཁྱེར་སྤྱི་ཁྱབ་དཔོན་ཆེའུ་ཁུའ་(Cai QI) ཡིས་ཟླ་༨ ཚེས་༣༠ ཉིན་འབྲེལ་ཡོད་ལས་བྱེད་ཚོ་ལ་ལོ་ངོ་༧༠ འཁོར་བའི་དུས་ཆེན་དེ་ངེས་པར་དུ་“གོད་ཆག་ཅི་ཡང་མེད་པར་ཡང་དག་པ་ཞིག་”བཟོ་དགོས་པ་དང་། བདེ་སྲུང་གི་ཆེད་པེ་ཅིང་གྲོང་ཁྱེར་དུ་གློག་མིག་(Surveillance camera) གསར་པ་མང་པོ་བཙུགས་ཡོད་སྐོར་བརྗོད་པ་མ་ཟད།  གྲོང་ཁྱེར་གྱི་རྒས་ཡོལ་ངལ་གསོ་བྱས་པའི་བུད་མེད་རྣམས་ཀྱིས་མཚོན་པའི་མི་སེར་དཀྱུས་མ་རྣམས་ལ་གྲོང་ཁྱེར་བདེ་སྲུང་རུ་ཁག་དང་ལྷན་དུ་མཉམ་ལས་ཀྱིས་བདེ་འཇགས་འགན་ལེན་བྱེད་དགོས་པའི་སྐུལ་བ་ཡང་བཏང་ཡོད་འདུག་ཅིང་། ཁོས་མི་སེར་དཀྱུས་མ་དང་ཉེན་རྟོག་པ་གཉིས་ཀ་བེད་སྤྱད་དེ་པེ་ཅིང་གྲོང་ཁྱེར་གྱི་སྲང་ལམ་ཐོག་ཏུ་མ་མཐར་ཡང་འདོམ་རེའི་ས་ན་མི་རེ་འཇོག་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད་འདུག 

དེ་ཡིས་མ་ཚད་གཞུང་གིས་པེ་ཅིང་ལས་མིའི་རྩེད་རྭ་(Beijing Workers’ Stadium)ཡི་ཉེ་འཁོར་དུ་ཡོད་པའི་ཨར་ཁང་དང་། ཟ་ཁང་། མཚན་ཚོགས་ཁང་སོགས་ཕྱི་ཟླ་༩ ཚེས་༥ ནས་སྒོ་བརྒྱབས་ཏེ་ཕྱི་ཟླ་༡༠ ཚེས་༢ བར་སྒོ་འབྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་པའི་ཐོག དུས་རྒྱུན་ཆབ་སྲིད་དང་འབྲེལ་བའི་དུས་ཆེན་ཁག་གི་སྐབས་སུ་བྱེད་པ་ལྟར། འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང་། ལས་འགུལ་བ། རང་དབང་འཐབ་རྩོད་པས་གཙོས་པའི་སྲིད་གཞུང་ལ་མ་རང་བའི་རྣམ་འགྱུར་སྟོན་མཁན་རྣམས་ཁྱིམ་དང་ཡང་ན་གྲོང་གསེབ་ཏུ་བསྡད་དེ་དུས་ཆེན་རིང་དཀའ་རྙོག་བཟོ་མི་ཆོག་པའི་བཀའ་བཏང་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༡༡༥༣ ཀློག་གྲངས།