ཧོང་ཀོང་གི་ན་གཞོན་ངོ་རྒོལ་བ་ཚོས་“རྒྱལ་གླུ”གསར་པ་བརྩམས། 

ཧོང་ཀོང་གི་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་འགོ་ཚུགས་ནས་ཟླ་བ་གསུམ་ཙམ་འགྲོ་བཞིན་ཡོད་ཅིང་། ངོ་རྒོལ་བ་ཚོས་རྒྱ་ནག་སྐམ་ས་ཆེན་མོ་ལས་ཚད་གཞི་མཐོ་བའི་རང་སྲིད་རང་སྐྱོང་དགོས་པའི་རེ་འདུན་འདོན་གྱི་ཡོད། ཉིན་ཤས་གོང་དུ་ཁོང་ཚོས་སོ་སོའི་དཀའ་སྡུག་དང་མངོན་འདོད་མཚོན་པའི་གླུ་གཞས་ཤིག་བརྩམས་པ་མ་ཟད། ན་གཞོན་ངོ་རྒོལ་བ་མང་པོ་ཞིག་གིས་དེ་ནི་ཧོང་ཀོང་གི་“རྒྱལ་གླུ་”གསར་པ་ཡིན་ཞེས་བརྗོད་ཀྱི་ཡོད་འདུག 

གླུ་གཞས་གསར་པ་དེའི་མིང་ལ་“ཧོང་ཀོང་རྒྱལ་རྒྱུར་ཅིག་”(Glory to Hong Kong) ཟེར་གྱི་འདུག་པ་དང་། བདུན་འདིའི་རེས་གཟའ་ཟླ་བའི་མཚན་མོར་ཧོང་ཀོང་གི་ཁྲོམ་ར་ཞིག་ཏུ་འདུས་པའི་མི་མང་བརྒྱ་ཕྲག་མང་པོས་དུས་ཅིག་ཏུ་བཏང་ནས་གླུ་གཞས་དེ་སྤང་ལ་མེ་མཆེད་པ་ལྟར་ཁྱབ་གདལ་ཕྱིན་པ་མ་ཟད། ད་བར་ཡོས་ཏྲོབ་(YouTube) ཐོག་ཏུ་ལྟ་མཁན་ ༨༠༠,༠༠༠ ཙམ་བྱུང་ཞིང་། གཞས་ཚིག་ལ་མ་མཐར་ཡང་དབྱིན་ཇིའི་འགྱུར་མ་འདྲ་བ་ལྔ་དྲུག་ཙམ་དང་ཉི་ཧོང་གི་འགྱུར་གཅིག་བཅས་བྱུང་ཡོད་འདུག 

གླུ་གཞས་དེའི་རྩོམ་པ་པོའི་མིང་ལ་ཐོ་མ་སི་(Thomas ཁོས་མིང་ཆ་ཚང་བརྗོད་མི་འདུག)ཟེར་ཞིང་། ལོ་ན་ཉི་ཤུའི་དཀྱིལ་དུ་ཡོད་པའི་རོལ་དབྱངས་དང་གླུ་གཞས་ཆེད་ལས་པ་ཞིག་ཡིན་འདུག ཁོས་ཨ་རིའི་དུས་བབ་དུས་དེབ་ཀྱི་བཅར་འདྲིའི་ནང་། “རོལ་དབྱངས་ནི་མཐུན་སྒྲིལ་གྱི་ལག་ཆ་ཞིག་ཡིན་པས། ང་ཚོ་ལ་རྡོག་རྩ་གཅིག་ཏུ་སྒྲིལ་བྱེད་དང་། སྙིང་སྟོབས་སྐྱེད་བྱེད་ཀྱི་གླུ་གཞས་ཤིག་དགོས་པའི་ཚོར་སྣང་ཆེན་པོ་སྐྱེས་བྱུང་”ཞེས་སྨྲས་འདུག 

ཁོས་གླུ་གཞས་དེའི་མ་ཡིག་རྩོམ་པའི་སྐབས། གཞན་མང་པོ་ཞིག་གིས་དྲ་བ་བརྒྱུད་དེ་བསམ་ཚུལ་འདོན་པ་དང་གཞས་ཚིག་ཞལ་འདེབས་འབུལ་བ་སོགས་བྱས་འདུག་པ་དང་། དེ་དག་གི་ཁྲོད་ནས་དངོས་སུ་གཞས་ཚིག་ནང་བཅུད་པ་གཅིག་ནི་“ང་ཚོའི་དུས་རབས་ཀྱི་གསར་བརྗེ། ཧོང་ཀོང་སྐྱར་དུ་ཚུར་ལེན་རྒྱུ་ཡིན་”ཞེས་པ་དེ་ཡིན་འདུག་ཅིང་། དེ་ནི་ཧོང་ཀོང་གི་མང་གཙོའི་ངོ་རྒོལ་བ་ཚོའི་འབོད་ཚིག་གཙོ་བོའི་ཁྲོད་ནས་གཅིག་ཡིན་འདུག 

གཞས་ཀྱི་མཚོན་དོན་ཐད་ལ། རྩོམ་པ་པོས་“གླུ་གཞས་འདི་བརྒྱུད་དེ་ཉན་མཁན་དག་ལ་བརྗོད་འདོད་པ་ནི། ང་ཚོའི་ད་ལྟའི་སྡུག་བསྔལ་དང་། ཉེན་ཁ་ལ་མ་ལྟོས་པར་ཧོང་ཀོང་མི་མང་གིས་མགོ་བོ་ནམ་ཡང་སྒུར་མི་སྲིད་ཅེས་པ་དེ་ཡིན་”ཞེས་བཤད་པའི་ཐོག ཁོས་གཞས་དེ་ངོ་རྒོལ་གྱི་གླུ་དབྱངས་ཆེད་དུ་བརྩམས་པ་ཡིན་རུང་། ཉན་མཁན་ཚོའི་འདོད་མོས་ལྟར་“རྒྱལ་གླུ་”འདུས་པའི་གོ་བ་སྣ་ཚོགས་བླངས་ན་ཆོག་ཚུལ་བསྣན་ཡོད་འདུག 

ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཁྲོད་གླུ་གཞས་བཀོལ་སྤྱོད་བཏང་བ་ད་ཐེངས་འདི་ཐོག་མ་མ་ཡིན་ཏེ། སྔོན་ཆད་ ༢༠༡༤ ལོའི་ཉི་གདུགས་གསར་བརྗེའི་སྐབས། བརྩམས་སྒྲུང་གྲངས་ཅན་ Les Miserable ནང་ཡོད་པའི“མི་མང་གིས་གླུ་དབྱངས་ལེན་བཞིན་པ་དེ་ཁྱོད་ཀྱིས་ཐོས་ཀྱི་འདུག་གམ་”ཞེས་པ་དེ་གཏོང་ལེན་བྱེད་མྱོང་བ་དང་། དེ་ནས་ད་ལྟའི་ངོ་རྒོལ་རིང་པོ་འདིའི་འགོ་ཚུགས་དུས། ཡེ་ཤུ་དང་ཡེ་ཤུ་མ་ཡིན་པ་གཉིས་ཀས་མགྲིན་གཅིག་ཏུ་ཡེ་ཤུའི་དཀོན་མཆོག་གི་བསྟོད་དབྱངས་བླངས་ཏེ་ཞི་བའི་རྔམ་སྟོན་དང་ཉེན་རྟོག་པར་གདོང་ལེན་བྱེད་མྱོང་ཡོད་མོད། འོན་ཀྱང་ད་ཐེངས་ཀྱི་གླུ་དབྱངས་གསར་པ་འདིས་སེམས་ཚོར་སློང་བ་ལྟ་བུ་གཏན་ནས་བྱུང་མི་འདུག་ཅིང་། ལོ་ན་༡༨ ལ་སོན་པའི་ངོ་རྒོལ་བ་ཁལ་ཝན་(Calvin)གྱིས་“གླུ་གཞུས་འདིས་ང་ལ་རང་ཉིད་ཧོང་ཀོང་བ་ཡིན་པའི་ཚོར་སྣང་ཤུགས་ཆེན་ཞིག་སྟེར་གྱི་འདུག འདིའི་ནང་ང་ཚོའི་རེ་བ་དང་། དམིགས་ཡུལ། ཕུགས་བསམ་བཅས་འདུས་ཡོད་”ཅེས་བཤད་འདུག 

དེ་བཞིན་ཉེ་ཆེར་གྱི་ཞིབ་འཇུག་ཅིག་གི་གྲུབ་འབྲས་ལྟར་ན། ཧོང་ཀོང་མི་མང་ཕྱེད་ཙམ་ལྷག་གིས་རང་ཉིད་ཧོང་ཀོང་བ་ཡིན་པ་ལས་རྒྱ་མི་མ་ཡིན་པར་ངོས་འཛིན་བྱེད་པ་དང་། རྒྱ་མི་ལ་ངོས་འཛིན་བྱེད་མཁན་བཞི་ཆ་གཅིག་ཙམ་ལས་ཡོད་མི་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།
https://www.youtube.com/watch?v=y7yRDOLCy4Y&feature=share&fbclid=IwAR3jE4qWA0YSln-2MJwsj2dgRqpGD3cZh2drpgzEI9p-49c1y-KV64i-my4

 

Share this:
༡༥༩༩ ཀློག་གྲངས།