ཧོང་ཀོང་མི་མང་གི་སྟོབས་ཤུགས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༦༨  ཕྱི་ལོ་ ༢༠༡༩/༩ /༡༡

ལོ་འདིར་ཧོང་ཀོང་གཞུང་གིས་དོགས་ཡོད་ཉེས་ཅན་པ་རྣམས་རྒྱ་ནག་ཏུ་རྩིས་སྤྲོད་ཀྱི་ཁྲིམས་འཆར་དང་འབྲེལ་ནས། ཧོང་ཀོང་དུ་ཟླ་༣ ཙམ་རིང་མི་མང་གིས་ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་སྟབས། ཧོང་ཀོང་གཞུང་གིས་ཁྲིམས་འཆར་དེ་དངོས་སུ་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་དང་། གྲོས་ཚོགས་ནང་ཕྱིར་འཐེན་གྱི་གྲོས་འཆར་འདོན་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་ཡོད་ཀྱང་། ལས་འགུལ་བ་ཚོའི་དགོས་འདུན་གཞན་ཁག་བསྒྲུབ་རྒྱུའི་སྐོར་བརྗོད་མེད་པས། ལས་འགུལ་བ་མང་པོ་ཞིག་གིས་ཁྲིམས་འཆར་ཕྱིར་འཐེན་གྱི་གསལ་བསྒྲགས་དེ་ཡང་གཡོ་བྱུས་ཤིག་ཡིན་པའི་དོགས་པ་དང་འབྲེལ། ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག ལོ་འདིར་ཧོང་ཀོང་གི་གནད་དོན་ནི་རྒྱལ་སྤྱིའི་གནད་དོན་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་དང་། ཧོང་ཀོང་གི་གནད་དོན་ལ་བརྟེན་ནས་མ་འོངས་པར་ཐའེ་ཝན་གྱི་གནས་སྟངས་ལའང་རང་བཞིན་གྱིས་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་པ་མ་ཟད། ལོ་འདིའི་ཧོང་ཀོང་གི་ཞི་རྒོལ་ལ་བལྟས་ནས་ལོ་རྗེས་མའི་ཐའེ་ཝན་གྱི་འོས་བསྡུ་ལའང་ཤུགས་རྐྱེན་ཐེབས་སྲིད་པ་རེད། 

ཧོང་ཀོང་མི་མང་གིས་རྒྱ་དམར་གཞུང་ལ་ཟླ་གསུམ་ཙམ་ངོ་རྒོལ་མུ་མཐུད་བྱས་ནས་དགོས་འདུན་དོན་ཚན་ལྔ་བཏོན་ཡོད་པ་དང་། དང་པོ་ཁྲིམས་འཆར་ཕྱིར་བསྡུ་བྱེད་དགོས་པ་དང་། གཉིས་པ་སྤྱི་ཁྱབ་དཔོན་ཁེ་རི་ལམ་ལས་གནས་ནས་དགོངས་པ་ཞུ་དགོས་པ། གསུམ་པ་ཉེན་རྟོག་པའི་ཁྲིམས་འགལ་གྱི་གདུག་རྩུབ་ལ་ཞིབ་དཔྱོད་དགོས་པ། བཞི་པ་འཛིན་བཟུང་བྱས་པའི་མི་རྣམས་གློད་གྲོལ་དགོས་པ། ལྔ་པ་ཧོང་ཀོང་མི་མང་ལ་ཡང་དག་པའི་མང་གཙོའི་རང་དབང་དགོས་པ་བཅས་རེད། ཕྱི་ཟླ་༩ ཚེས་༤ ཉིན་རྒྱ་གཞུང་གིས་བསྐོ་གཞག་བྱས་པའི་ཧོང་ཀོང་གི་ས་གནས་དཔོན་ཁེ་རི་ལམ་(Χαρριε Λαμ)གྱིས་ཁྲིམས་འཆར་དེ་ཕྱིར་བསྡུ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་ཀྱང་། ད་དུང་གྲོས་ཚོགས་སུ་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། གསལ་བསྒྲགས་དེ་ནི་མགོ་སྐོར་གྱི་གཡོ་བྱུས་ཤིག་ཡིན་པའི་དོགས་པ་དང་ངོས་འཛིན་བྱེད་བཞིན་ཡོད་ཅིང་། ད་དུང་དགོས་འདུན་གཞན་ཁག་བསྒྲུབས་མེད་པས་ཧོང་ཀོང་མི་མང་གིས་ལས་འགུལ་མཚམས་འཇོག་བྱས་མེད་པར་མུ་མཐུད་སྤེལ་བཞིན་ཡོད་པ་རེད།

བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་མཐོ་རིམ་དཔོན་རིགས་ཁ་ཤས་ཀྱིས་ཧོང་ཀོང་གི་ངོ་རྒོལ་ལ་རྒྱ་གཞུང་གིས་དྲག་གནོན་བྱེད་ཆོག་ཆོག་ཡིན་པས། ལས་འགུལ་དེ་ལ་གྲུབ་འབྲས་མེད་པ་ལྟ་བུའི་དགོངས་ཚུལ་གསུངས་ཡོད་ཀྱང་། ཕལ་ཆེ་བས་ཧོང་ཀོང་དུ་རྒྱུན་རིང་ངོ་རྒོལ་ལ་བརྟེན་ནས་ཧོང་ཀོང་མི་མང་གི་སེམས་ཤུགས་དང་སྙིང་སྟོབས་ལ་ཡིད་སྨོན་བྱེད་བཞིན་པ་མ་ཟད། མིག་དཔེར་འོས་པ་ཞིག་ཏུའང་ངོས་འཛིན་བྱེད་བཞིན་པ་རེད། ད་དུང་ཕྱི་ཚེས་༤ ཉིན་ཧོང་ཀོང་གི་དོགས་ཡོད་ཉེས་ཅན་པ་རྒྱ་གཞུང་ལ་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ཕྱིར་བསྡུ་བྱེད་རྒྱུའི་གསལ་བསྒྲགས་ཤིག་ཧོང་ཀོང་ས་གནས་དཔོན་གྱིས་སྤེལ་དགོས་ཐུག་པར་བརྟེན། ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ལ་ཕན་ནུས་ཆེན་པོ་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ད་དུང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཧོང་ཀོང་གི་ཞི་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་མཁན་ཡང་ཡོང་གི་ཡོད་པ་སོགས། ཧོང་ཀོང་གི་ལས་འགུལ་དེ་བོད་དོན་དང་ཡང་འབྲེལ་བ་ཡོད་པའམ། ཡང་ན་བདེ་སྡུག་གམ་གནས་སྟངས་གཅིག་པ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་ལྟ་བུར་གྱུར་ཡོད། 

སྤྱིར་འཐབ་རྩོད་ཀྱི་ཆ་ནས་ཧོང་ཀོང་དང་། ཐའེ་ཝན། ཤར་ཏུར་ཀི་སི་ཐན། ནང་སོག བོད་བཅས་ཀྱི་ཁ་གཏད་ཀྱི་དགྲ་བོ་གཅིག་པ་ཡིན་པས་ལས་འགུལ་དང་འཐབ་རྩོད་སོགས་མཉམ་འབྲེལ་བྱེད་དགོས་པ་མང་པོ་ཡོད་ཅིང་། རྒྱ་དམར་གཞུང་ལ་གནོན་ཤུགས་སྤྲོད་པའི་ཐབས་ལམ་ག་རེ་ཡོད་ཀྱང་བེད་སྤྱོད་གཏོང་དགོས་པ་དེ་ཡང་གལ་ཆེན་པོ་ཡིན། གནས་སྟངས་ཀྱི་ཐོག་ནས་མི་འདྲ་བ་སྣ་ཚོགས་ཡོད་ཀྱང་། ཐའེ་ཝན་ལ་མཚོན་ན་ད་ལྟའི་ཆར་དོན་དངོས་སུ་རང་བཙན་གཙང་མའི་གནས་བབས་ཤིག་ཏུ་ཡོད་པ་དང་། ཕྱི་འབྲེལ་དང་དམག་དོན། སྲིད་གཞུང་། མགོ་ཁྲིད་མི་མང་གིས་འོས་བསྡུ་བྱེད་པ་སོགས་ཕྱོགས་གང་ཐད་ནས་རང་བཙན་ཡིན་ནའང་། རྒྱ་གཞུང་གིས་ཧམ་བཤད་བཙན་ཤེད་ཀྱིས་རྒྱ་ཁོངས་ཡིན་ཚུལ་བརྗོད་བཞིན་ཡོད་པ་ཙམ་རེད། ཧོང་ཀོང་ལ་མཚོན་ན་སྔོན་མའི་གནས་སྟངས་དང་། ཤེས་ཡོན་དང་དཔལ་འབྱོར་། འབྲེལ་ལམ་དང་ཁོར་ཡུག་སོགས་གང་ཐད་ནས་དམིགས་བསལ་ཞིག་ཏུ་གྱུར་ཡོད། ད་ལྟའི་ཆར་ཤར་ཏུར་ཀི་སི་ཐན་དང་། ནང་སོག བོད་བཅས་ཀྱི་གནས་སྟངས་གཅིག་གྱུར་ཡིན་པ་ལས་གཞན་ཚང་མ་ཕྱོགས་ཡོངས་ནས་གཅིག་མཚུངས་མིན། 

མདོར་ན་ངོ་རྒོལ་ལས་འགུལ་གྱི་གྲུབ་འབྲས་དཔེ་མཚོན་གཅིག་ད་ལན་ཧོང་ཀོང་གི་གནས་སྟངས་ཐོག་ནས་ཤེས་ཐུབ་པ་དང་། མ་འོངས་པར་བོད་དོན་འཐབ་རྩོད་ཆེད་མི་རེ་ངོ་རེ་བཞིན་འགན་ཁུར་ཞིག་ལེན་ཐུབ་ན། ཧ་ཅང་གལ་གནད་ཆེན་པོར་གྱུར་ཡོད། ཁོར་ཡུག་གི་ཆ་ནས་བཙན་བྱོལ་བོད་མིའི་ངོ་རྒོལ་ལས་འགུལ་གྱིས་ཧོང་ཀོང་ལྟ་བུའི་ནུས་པ་ཐོན་རྒྱུ་ཅུང་དཀའ་ཡང་། རྒྱལ་སྤྱི་དང་འབྲེལ་བའི་རྒྱ་ནག་གི་ལས་དོན་ཁག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ན་ད་ལྟའི་ཆར་གྲུབ་འབྲས་འཐོབ་རྒྱུའི་རེ་བ་ཆེན་པོ་ཡོད། ལས་འགུལ་སྤེལ་རྒྱུ་དེ་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཁོ་ནའི་འགན་ཁུར་མིན་པ་དང་། མི་ཚང་མའི་འགན་འཁྲི་ཞིག་ཏུ་གྱུར་ཡོད། ད་ལོ་ཧོང་ཀོང་དུ་དུས་གཅིག་ལ་ངོ་རྒོལ་ལས་འགུལ་བ་མི་གྲངས་ས་ཡ་གསུམ་ལྷག་འཛོམས་པའང་བྱུང་ཡོད་ལ། དེ་ནི་ད་ལྟའི་ཧོང་ཀོང་གི་མི་འབོར་ས་ཡ་བདུན་ལྷག་ཡོད་པ་ལྟར་རོབ་རྩིས་བྱས་ན་བརྒྱ་ཆ་༤༥ ལ་ཉེ་བ་དང་། བཙན་བྱོལ་བོད་མི་ཆིག་འབུམ་ལྔ་ཁྲི་ཙམ་ལས་བརྒྱ་ཆ་༤༥ མི་གྲངས་༦༧༥༠༠ དུས་གཅིག་ངོ་རྒོལ་ལས་འགུལ་དུ་ཞུགས་པ་ལོ་རྒྱུས་ནང་བྱུང་མ་མྱོང་བ་འདི་ཡང་བསམ་ཞིབ་དགོས་པ་ཞིག་ཏུ་གྱུར་ཡོད།།

 

Share this:
༥༧༢ ཀློག་གྲངས།