རྒྱ་གཞུང་གིས་བོད་ཀྱི་ཆོས་དད་རང་དབང་ལ་དམ་དྲག་ཇེ་ཆེ། 

ཟླ་འདིའི་ཚེས་༡༡ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་སྲུང་ཚོགས་པ་(Human Right Watch) ཡིས་དྲ་རྒྱའི་ཐོག་སྤེལ་བའི་རྩོམ་ཡིག་ཅིག་གི་ནང་།  ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པས་བགྲེས་ཡོལ་ངལ་གསོ་བྱས་པའི་བོད་མི་ལས་བྱེད་རྣམས་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་གསལ་བསྒྲགས་སྤེལ་བ་དེ་རྒྱ་ནག་གི་ཆོས་ལུགས་རང་དབང་བརྩི་སྲུང་བྱེད་པའི་རྩ་ཁྲིམས་དང་འགལ་ཡོད་ཚུལ་བཀོད་ཡོད་འདུག 

འགྲོ་བ་མིའི་ཐོབ་ཐང་ལྟ་སྲུང་ཚོགས་པའི་ལག་ཏུ་འབྱོར་ནས་དྲ་ཐོག་ཏུ་བཞག་པའི་གསལ་བསྒྲགས་དེ་ལ་ཟླ་དུས་ཚེས་གྲངས་མེད་ཀྱང། དེའི་ནང་དོན་ལ་བལྟས་ན། ༢༠༡༩ ལོའི་ཟླ་༨ པའི་མགོ་སྟོད་དུ་བསྒྲགས་པ་ཞིག་ཡིན་པར་མངོན།

གསལ་བསྒྲགས་དེ་ནི་བོད་རང་སྐྱོང་ལྗོངས་གཞུང་གི་བགྲེས་ཡོལ་ལས་བྱེད་ལྟ་སྐྱོང་ལས་ཁུངས་(Department under the TAR Party Committee) ཀྱིས་སྤེལ་བ་ཞིག་ཡིན་འདུག་ཅིང་། དེའི་ནང “སྐོར་བ་ལ་འགྲོ་མཁན་གྱི་ལས་བྱེད་ཟུར་བ་ཤིན་ཏུ་མང་ཞིང་དར་ཁྱབ་ཆེ་བས།” འབྲེལ་ཡོད་ལས་ཁུངས་ཡོངས་ཀྱིས་ཕྱི་ཟླ་༨ ཚེས་ ༡༨ གོང་དུ་སྐོར་བ་ལ་འགྲོ་མཁན་གྱི་བོད་མི་ལས་བྱེད་ཟུར་བ་རྣམས་ཀྱི་མིང་ཐོ་དང་། དེ་དག་ལ་ཉེས་ཆད་གང་ཞིག་གཅོད་དགོས་པའི་བསམ་ཚུལ་བྲིས་ཏེ་གོང་རིམ་ལ་ཡར་ཞུ་བྱེད་དགོས་ཚུལ་བཀོད་ཡོད་སྟབས། མིང་ཐོའི་ནང་ཡོད་པའི་ལས་བྱེད་ཟུར་པ་རྣམས་ལ་ཉེས་ཆད་གཅོད་འཆར་ཡོད་འདུག 

རྒྱ་ནག་གཞུང་གིས་བགྲེས་ཡོལ་ཞུས་པའི་ལས་བྱེད་རྣམས་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པ་དང་། ལྷག་པར་དུ་ཚེས་བཟང་དུས་ཆེན་གྱི་སྐབས་སུ་ཞུགས་མི་ཆོག་པའི་བཙན་བཀའ་རྒྱུན་དུ་གཏོང་གི་ཡོད་ཀྱང་། དངོས་སུ་ཡིག་ཐོག་ནས་དེ་ལྟ་བུའི་གསལ་བསྒྲགས་ཤིག་སྤེལ་བ་ཤིན་ཏུ་ཉུང་ཉུང་ཆགས་ཡོད། ད་ཐེངས་ཀྱི་གསལ་བསྒྲགས་འདིའི་ནང་སྐོར་བ་ཞེས་ཁ་གསལ་དུ་བཤད་ཡོད་ཀྱང་། དོན་དངོས་ཐོག་དགོན་པ་ལྷ་ཁང་ལ་མཆོད་མཇལ་དུ་འགྲོ་བ་དང་། ཚོགས་དང་ཆོས་སྒར་ལ་ཞུགས་པ། དགོན་པར་ཞལ་འདེབས་འབུལ་བ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་མངོན་གསལ་དོད་པོ་ཡོངས་རྫོགས་འདུས་ཡོད་འདུག 

རྒྱ་ནག་གི་རྩ་ཁྲིམས་ཀྱི་དོན་ཚན་༣༦ ནང་། “རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་ཚོ་ལ་ཆོས་དད་རང་དབང་ལོངས་སུ་སྤྱོད་པའི་ཐོབ་ཐང་ཡོད་”ཅེས་འཁོད་ཡོད་ཀྱང་། གཞུང་གིས་རྩ་ཁྲིམས་དེ་གཏན་ནས་ལག་བསྟར་མི་བྱེད་པར་མི་མང་གི་གཞི་རྩའི་ཐོབ་ཐང་རྣམས་རྡོལ་རོལ་གཏོང་མཚམས་གཏན་ནས་འཇོག་གི་མེད། །

གསར་འགོད་པ་དཀོན་མཆོག་རབ་བརྟན།  

Share this:
༨༡༨ ཀློག་གྲངས།