༧གོང་ས་མཆོག་གིས་ཁོང་དགུང་ལོ་བརྒྱ་ཕྲག་ལ་འཚོ་ཐུབ་ཀྱི་རེད་ཅེས་བཀའ་སློབ་གནང་སོང་།

༧རྒྱལ་བ་རིན་པོ་ཆེ་མཆོག་གིས་“བོད་ཀྱི་བསྟན་སྲིད་ཉག་ཕྲ་བའི་དུས་ཚོད་ལ་ངོས་ཚེ་རིང་པོར་མ་བསྡད་ན་ཁྱོན་ནས་འགྲིག་མ་སོང་བསམ་པའི་སེམས་ཤུགས་སྐྱེད་བསྡད་ཀྱི་ཡོད”ཅེས་བརྟན་བཞུགས་སྐབས་གསུངས་སོང་། 

དེ་རིང་སྟེ་ཕྱི་ལོ་༢༠༡༩ ལོའི་༩ ཚེས་༡༣ ཉིན་བཞུགས་སྒར་དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཤངས་དགའ་ལྡན་ཆོས་འཁོར་གླིང་དང་། བོད་མིའི་སྤྱི་མཐུན་མཉམ་སྦྲེལ། སྨར་ཤོད་གོ་འཇོ་མི་མང་། འབྲུག་སྡོད་བོད་མི། མདོ་ཁམས་ཆུ་བཞི་སྒང་དྲུག་བཅས་ཚོགས་པ་ལྔ་དང་། ཞབས་ཟུར་རབ་སྒང་བསོད་ནམས་དཔལ་འབྱོར་ནང་མི་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞིག་ཞུས་སོང་། 

ཐེངས་འདིའི་བརྟན་བཞུགས་ཐོག་ཏུ་རྡོ་རྗེ་སློབ་དཔོན་རྣམ་གླིང་དབུ་འཛིན་༸གྱང་ཁང་རིན་པོ་ཆེ་དང་། དགའ་ལྡན་ཁྲི་ཟུར་༸རི་རྫོང་རིན་པོ་ཆེ། གཡུང་དྲུང་བོན་གྱི་༸སྨན་རི་དཔོན་སློབ་རིན་པོ་ཆེ། འགྲོ་མགོན་བཀའ་བརྒྱུད་པའི་༸འཛི་སྒར་མཆོག་སྤྲུལ་རིན་པོ་ཆེ། དཔལ་ལྡན་ས་སྐྱ་བའི་༸གདོང་ཚང་ཞབས་དྲུང་རིན་པོ་ཆེ། སྒྲུབ་ཞག་དབུ་བཞུགས་༸འཁོར་ཁྱིམ་རིན་པོ་ཆེ་བཅས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་གཙོས་སེར་སྐྱ་མི་མང་སྟོང་ཕྲག་མང་པོ་མཉམ་ཞུགས་གནང་འདུག

བརྟན་བཞུགས་ཆོ་གའི་སྐབས་སུ། ༧གོང་ས་མཆོག་གིས་ཐོག་མར་དེར་ཆེད་དུ་བཅར་བའི་སེར་སྐྱ་ཕོ་མོ་ཡོངས་ལ་འཚམས་འདྲི་དང་། བརྟན་བཞུགས་འབུལ་མཁན་གྱི་ཚོགས་པ་ལྔ་ལ་ཐུགས་རྗེ་ཆེ་གསུངས་གནང་རྗེས། “ང་ཚོ་དཀའ་ངལ་ཆེན་པོ་ཅན་གྱི་དུས་ཚོད་ཅིག་ལ་བསླེབས་བསྡད་ཡོད་རེད། ཡིན་ནའང་ཕྱོགས་གཅིག་ནས་ང་ཚོ་ལ་བདེན་པ་ཡོད་རེད། གཉིས་ནས་ང་ཚོ་བོད་མི་གཞིས་ལུས་རྒྱ་ཆེའི་མི་མང་གཙོ་བོར་གྱུར་བའི་ང་ཚོ་བྱེས་སྡོད་མི་མང་དང་། འཛམ་བུ་གླིང་གི་ཕྱོགས་དང་མཚམས་སུ་ཡོད་པ་ཚང་མ་ལ་བོད་རིགས་ཡིན་བསམ་པའི་འདུ་ཤེས་ཡོད་པའི་ཐོག་ནས་སོ་སོའི་ཆོས་དང་རིག་གཞུང་ལ་དགའ་ཞེན་དང་། དེས་དྲངས་པའི་ལྷག་བསམ་སྙིང་སྟོབས་ཞུམ་པ་མེད་པར་བསྡད་ཡོད་རེད། བརྟན་བཞུགས་ངོ་མ་དེ་རེད། ང་ཚོ་གཞིས་བྱེས་མི་མང་ཚང་མ་ལྷག་བསམ་གཅིག་ཏུ་དཀར་ཞིང་། དད་པ་དང་དམ་ཚིག་གཡོ་བ་མེད་པ་བྱས་ནས་བསྡད་པ་རེད། དེ་རིང་བརྟན་བཞུགས་འབུལ་མཁན་ཁྱེད་རང་ཚོས་བོད་རྒྱ་ཆེའི་མི་མང་གི་ཚབ་བྱེད་ཀྱི་ཡོད་རེད་”ཅེས་བཀའ་སློབ་བསྩལ་བ་མ་ཟད།  ༧གོང་ས་མཆོག་གིས་“བོད་རྒྱ་ཆེའི་མི་མང་ཟེར་ལབ་དུས།” དེ་སྔ་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་སུ་ཡོད་པ་ཙམ་ལ་མི་གོ་བར། སྔར་ཆོས་རྒྱལ་ཚོའི་སྐབས་ལ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་གོང་བུ་གཅིག་གྱུར་བྱས་ནས་བསྡད་པ་ནང་བཞིན་བོད་ཆོལ་ཁ་གསུམ་ཀར་གོ་དགོས་སྐོར་གྱི་བཀའ་འགྲེལ་ཡང་གནང་སོང་། 
བོད་མིའི་དད་པ་དམ་ཚིག་གི་ཐད་ལ། ཁོང་གིས་“སྐབས་རེར་ཏོག་ཙམ་ཏོག་ཙམ་གྱི་སྐད་ཆ་འདྲ་ཡོང་བ་དེ་ཆོས་ཉིད་རེད། ཆེ་ས་ནས་བསམ་བློ་བཏང་བ་ཡིན་ན། དངོས་གནས་དྲང་གནས་གོང་བུ་གཅིག་གྱུར་ཧ་ལས་པ་རེད། དེ་འདྲ་ཡིན་དུས་དེ་རིང་འདིར་ཆ་བཞག་ན་ཁྱེད་རང་ཚོས་ལྷག་བསམ་གཅིག་ཏུ་དཀར་བའི་ཐོག་ནས་བརྟན་བཞུགས་ང་ལ་འབུལ་གྱི་ཡོད་རེད། དེས་བོད་རྒྱ་ཆེའི་མི་མང་གི་དད་པ་དམ་ཚིག་གཡོ་བ་མེད་པ་མཚོན་གྱི་ཡོད་རེད་”ཅེས་གསུངས་ནས། ཁོང་གིས་དུས་རྒྱུན་རྟག་ཏུ་གསུང་བ་ལྟར། དཔལ་ན་ལེནྡྲ་ནས་བྱུང་བའི་བོད་ཀྱི་ཆོས་དང་རིག་གཞུང་། དེ་ཡང་དག་པར་འཛིན་བྱེད་ཀྱི་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་བྱེད་གལ་ཆེ་བའི་བཀའ་སློབ་ཀྱང་གནང་སོང་།

དེ་བཞིན་བོད་དོན་བདེན་མཐའ་གསལ་བའི་སྐོར་ལ། ཁོང་གིས་“རྒྱ་མི་གུང་ཁྲན་གྱི་སྟོབས་ཤུགས་དེ་གོ་མཚོན་གྱི་ཐོག་ནས་ཡོང་གི་ཡོད། ང་ཚོའི་སྟོབས་ཤུགས་དེ་བདེན་པའི་ཐོག་ནས་ཡོང་གི་ཡོད་”ཅེས་གསུངས་ཏེ། མཐར་བདེན་པའི་མཐའ་གསལ་ངེས་སྟབས། སེམས་ཞུམ་པ་དང་སེམས་ཤུགས་ཆག་པ་སོགས་བྱེད་དགོས་དོན་མེད་སྐོར་གསུངས་སོང་། 

བརྟན་བཞུགས་གྲོལ་ཁར་༧གོང་ས་མཆོག་གིས་སླར་ཡང་བཀའ་སློབ་ཐུང་ངུ་ཞིག་བསྩལ་བའི་ནང་། ཉེ་ཆར་ཁོང་གི་ཟུངས་ཁྲག་ལེགས་སུ་ཕྱིན་ནས་སྐུ་གཟུགས་ཤིན་ཏུ་ཡག་པོ་ཆགས་ཡོད་པ་དང་། “བོད་ཀྱི་བསྟན་སྲིད་ཉག་ཕྲ་བོ་འདི་འདྲའི་དུས་ཚོད་ལ་ངོས་ཚེ་རིང་པོ་ཞིག་མ་བསྡད་ན་ཁྱོན་ནས་འགྲིག་མ་སོང་བསམ་པའི་སེམས་ཤུགས་སྐྱེད་བསྡད་ཀྱི་ཡོད། བྱས་ཙང་གཟུགས་པོའི་ཆ་ནས་ཡག་ཏུ་ཕྱིན་འདུག་ཟེར། ང་རང་ཡང་སེམས་ཤུགས་འདྲ་བསྐྱེད་བསྡད་ཀྱི་ཡོད། ལོ་བརྒྱ་ཕྲག་ལ་འཚོ་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད་ལ། ཕལ་ཆེར་འཚོ་ཐུབ་ཀྱི་རེད། ཤེས་སོང་ངམ། བྱས་ཙང་བློ་བདེ་བོར་བཞུགས་ཨ་”ཞེས་བཀའ་སློབ་གནང་སོང་།།

གསར་འགོད་པ་དཀོན་མཆོག་རབ་བརྟན། 

 

Share this:
༦༤༠ ཀློག་གྲངས།