ཡང་རྒྱལ་ཁབ་གཞན་ཞིག་གིས་ཐའེ་ཝན་དང་འབྲེལ་ལམ་བཅད་འདུག 

རྒྱ་ནག་གི་ཤུགས་རྐྱེན་དང་ཐབས་བྱུས་ལ་བརྟེན་ནས་རྒྱལ་ཁབ་ཆུང་བ་ཞིག་གིས་ཐའེ་ཝན་དང་འབྲེལ་ལམ་བཅད་འདུག་པ་དང་། ཐའེ་ཝན་གྱིས་རྒྱ་ནག་གི་རྒྱལ་སྤྱིའི་ནང་ཐའེ་ཝན་ཟུར་ཕུད་ཀྱི་ཐབས་བྱུས་ལ་ངོ་རྒོལ་སྐྱོན་བརྗོད་བྱས་འདུག 

ཟླ་༩ པའི་ཚེས་༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཞི་བདེ་རྒྱ་མཚོའི་ཁུལ་གྱི་སོ་ལོ་མཱོན་གླིང་ཕྲན་(Solomon Islands) རྒྱལ་ཁབ་ཀྱིས། ཐའེ་ཝན་དང་འབྲེལ་ལམ་བཅད་ནས་རྒྱ་ནག་དང་འབྲེལ་ལམ་འཛུགས་རྒྱུ་ཐག་གཅོད་བྱས་འདུག་པ་དང་། དེ་ཡང་རྒྱ་ནག་གིས་ཐེའ་ཝན་དང་འབྲེལ་ལམ་བཅད་ཚེ། རྒྱལ་ཁབ་དེའི་ནང་འཛུགས་སྐྲུན་འཕེལ་རྒྱས་ཀྱི་འགྲོ་སོང་ཆེན་པོ་གཏོང་རྒྱུ་ཁས་ལེན་བྱས་ཡོད་འདུག ཕྱི་ལོ་༢༠༡༦ ལོར་ཐའེ་ཝན་གྱི་སྲིད་འཛིན་དུ་མང་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་ལྕམ་ཚེ་དབྱིང་ཝན་འདེམས་ཐོན་བྱུང་རྗེས། རྒྱ་ནག་གིས་དཔལ་འབྱོར་སྟོབས་ཤུགས་དང་གནོན་ཤུགས་འོག ད་བར་རྒྱལ་ཁབ་༦ གིས་ཐའེ་ཝན་དང་འབྲེལ་ལམ་བཅད་ནས་རྒྱ་ནག་དང་འབྲེལ་ལམ་གསར་འཛུགས་བྱས་ཡོད་པ་རེད་འདུག 

ད་ལྟའི་ཆར་ཐའེ་ཝན་དང་རྒྱལ་སྤྱིའི་རྒྱལ་ཁབ་༡༦ མ་གཏོགས་གཞུང་འབྲེལ་གྱི་འབྲེལ་བ་མེད་ཁར། དེ་དག་ཁྲོད་རྒྱལ་ཁབ་མང་ཆེ་བ་སྟོབས་ཤུགས་ཆུང་ཆུང་ཤ་སྟག་ཡིན་འདུག ཐའེ་ཝན་གྱིས་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འོས་བསྡུ་སླེབས་ཉེ་བ་དང་བསྟུན། རྒྱལ་སྤྱིའི་ནང་ཐའེ་ཝན་ཟུར་ཕུད་ཀྱི་ཐབས་བྱུས་ལག་ལེན་བསྟར་ནས། འོས་བསྡུར་ཤུགས་རྐྱེན་བཟོ་ཐབས་བྱེད་བཞིན་ཡོད་པས་སྐྱོན་བརྗོད་བྱས་འདུག རྒྱ་ནག་གཞུང་གིས་སོ་ལོ་མཱོན་གླིང་ཕྲན་རྒྱལ་ཁབ་ཀྱི་ཐག་གཅོད་ལ་བསྔགས་བརྗོད་བྱས་ཏེ། ཕྱོགས་གཉིས་བར་གྱི་འབྲེལ་ལམ་གྱི་གོ་སྐབས་གསར་པ་སྒོ་འབྱེད་བྱེད་པར་གྲ་སྒྲིག་ཡིན་སྐོར་བརྗོད་འདུག 

མི་མང་བརྒྱ་ཆ་༥༠ ལས་ཉུང་བ་ལ་གློག་གི་ཆ་རྐྱེན་ཡོད་པའི་སོ་ལོ་མཱོན་གླིང་ཕྲན་རྒྱལ་ཁབ་ཀྱིས། ཟླ་བ་གཅིག་རིང་རྒྱ་ནག་དང་འབྲེལ་ལམ་གསར་འཛུགས་བྱས་ཚེ་ཕན་གནོད་གང་ཡོད་ཐོག་བསྐྱར་ཞིབ་བྱས་རྗེས།  བློན་ཆེན་ལས་ཁུངས་ནང་འོས་བསྡུ་བྱས་སྐབས། རྒྱ་ནག་ལ་འབྲེལ་ལམ་གསར་འཛུགས་བྱེད་པར་རྒྱབ་སྐྱོར་བྱེད་མཁན་འོས་ཤོག་༢༧ ཐོབ་ཡོད་ཁར། ཆ་ཤས་མ་བླངས་མཁན་༦ བྱུང་འདུག རྒྱལ་ཁབ་དེའི་སྲིད་བློན་གྱིས་རྒྱ་ནག་གིས་འཛུགས་སྐྲུན་འཕེལ་རྒྱས་ཐོག་ལ་ཐའེ་ཝན་ལས་མང་བའི་འགྲོ་སོང་གཏོང་ཐུབ་ཀྱི་ཡོད་པ་དང་། དེ་བཞིན་མངའ་ཁུལ་གྱི་ཆབ་སྲིད་དབང་ཤུགས་ཐད། རྒྱ་ནག་དང་འབྲེལ་ལམ་ཡོད་ཚེ་ཕན་ཐོགས་ཆེ་བ་ཡོད་སྐོར་བརྗོད་འདུག 

སོ་ལོ་མཱོན་གླིང་ཕྲན་རྒྱལ་ཁབ་ཀྱི་བློན་ཆེན་ལས་ཁུངས་ཀྱི་འོས་བསྡུ་གྲུབ་པའི་རྗེས་སུ། ཐའེ་ཝན་ངོས་ནས་ཀྱང་རྒྱལ་ཁབ་དེ་དང་འཕྲལ་དུ་འབྲེལ་ལམ་བཅད་རྒྱུར་གསལ་བསྒྲགས་ཀྱིས། སོ་ལོ་མཱོན་དུ་ཡོད་པའི་ཐའེ་ཝན་གྱི་གཞུང་ཚབ་མི་སྣ་དང་འབྲེལ་ཡོད་ལས་བྱེད་ཚང་མ་ཕྱིར་འབོད་བྱས་ཡོད་ཁར། ཐའེ་ཝན་ནང་དུ་ཡོད་པའི་སོ་ལོ་མཱོན་གླིང་ཕྲན་རྒྱལ་ཁབ་ཀྱི་གཞུང་ཚབ་མི་སྣ་ཚང་མ་ཕྱིར་འབོད་བྱེད་དགོས་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༩༡༤ ཀློག་གྲངས།