ཧོང་ཀོང་ལས་འགུལ་བས་ཨ་རིའི་གྲོས་ཚོགས་ནང་ཞུ་གཏུག་བྱས་འདུག 

ཧོང་ཀོང་ནང་མང་གཙོའི་ལས་འགུལ་མུ་མཐུད་འགྲོ་བཞིན་ཡོད་པ་དང་བསྟུན། ཨ་རིའི་གྲོས་ཚོགས་ནང་དུ་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོར་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེར་ཁྲིམས་སུ་གཏན་འབེབས་ཡོང་ཆེད་དུ། ཧོང་ཀོང་གི་མང་གཙོའི་ལས་འགུལ་གྱི་འགོ་ཁྲིད་ན་གཞོན་ཁག་ཅིག་གིས་གྲོས་ཚོགས་ཚོགས་ཆུང་ལ་ཞུ་འབོད་བྱས་འདུག 

ཟླ་༩ པའི་ཚེས་༡༧ ཉིན་ཧོང་ཀོང་གི་མང་གཙོའི་ལས་འགུལ་གྱི་འགོ་ཁྲིད་ཇོ་ཤེ་ཝ་ཝོང་དང་། དེ་བཞིན་གཞས་མ་དང་ལས་འགུལ་བ་ཌེ་ནི་སེ་ཧཱོ་སོགས་ཀྱིས། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་མདུན་དུ་བདེན་དཔང་གཏམ་བཤད་སྤེལ་ནས། གྲོས་ཚོགས་ནང་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོར་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབས་ཡོང་བའི་ཞུ་འབོད་བྱས་འདུག 

སྐབས་དེར་ཧོང་ཀོང་གི་ལས་འགུལ་བ་གཞས་མ་ཧཱོ་ཡིས། ཞུ་འབོད་དེ་ནི་ཧོང་ཀོང་ནང་དུ་ཕྱིའི་རྒྱལ་ཁབ་ཀྱི་ཐེ་བྱུས་ཡོང་བ་དང་། ཧོང་ཀོང་གི་རང་བཙན་ཆེད་དུ་མིན་པར། ཞུ་འབོད་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། འདམ་གའི་རང་དབང་བཅས་ཀྱི་ཆེད་དུ་ཡིན་ཁར། གལ་ཏེ་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དུ་དྲག་གནོན་དང་མང་གཙོ་ལ་རྡོག་རོལ་བྱེད་ཐུབ་ནས་ཧོང་ཀོང་ཕམ་ཚེ། རྒྱལ་སྤྱིའི་ནང་རྒྱ་ནག་གིས་དཔལ་འབྱོར་སྟོབས་ཤུགས་བེད་སྤྱད་ནས། རྒྱ་ནག་དམར་ཤོག་ཚོགས་པའི་རིན་ཐང་ལྟ་བར་མོས་མཐུན་བྱེད་དགོས་པ་བཟོ་ཐབས་བྱེད་རྒྱུ་ཡིན་སྐོར་བརྗོད་ནས། ཧོང་ཀོང་གི་མང་གཙོ་དང་རང་དབང་ལ་རྒྱབ་སྐྱོར་བྱེད་རྒྱུ་གལ་ཆེན་ཆགས་ཡོད་སྐོར་བརྗོད་འདུག 

དེ་བཞིན་ལས་འགུལ་བ་ཇོ་ཤེ་ཝ་ཝོང་གིས་ད་ལྟའི་ཆར་ཧོང་ཀོང་གཉན་འཕྲང་ཅན་གྱི་དུས་སྐབས་ཤིག་གི་ཐོག་ཏུ་སླེབས་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས། ཟླ་རྗེས་མར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་འགོ་འཛུགས་ནས་ལོ་ངོ་༧༠ འཁོར་བའི་དུས་དྲན་སྔོན་དུ། ཧོང་ཀོང་ནང་དྲག་གནོན་ཚབས་ཆེ་བའི་ལས་འགུལ་སྤེལ་སྲིད་པ་དང་། དེ་བཞིན་ཧོང་ཀོང་སྤྱི་ཁྱབ་དཔོན་ཁེ་རི་ལམ་གྱིས་ཧོང་ཀོང་ནང་དྲ་ལམ་བཀག་འགོག་དང་། སྤྱི་མང་འགྲུལ་བཞུད་ལམ་ལུགས་སོགས་བཀག་འགོག་བྱེད་སྲིད་པའི་ཉེན་བརྡ་བཏང་ནས། མ་འོངས་པར་ལོ་རྒྱུས་སྨྲ་བ་ཚོས། ཨ་རིའི་གྲོས་ཚོགས་ཀྱིས་ཧོང་ཀོང་དང་འགྲོ་བ་མིའི་ཐོབ་ཐང་། མང་གཙོ་བཅས་ལ་རྒྱབ་སྐྱོར་བྱས་པའི་སྐོར་དགའ་བསུ་བྱེད་པའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་ནས། ཧོང་ཀོང་ལ་རྒྱབ་སྐྱོར་ཡོང་བ་ཞུ་འབོད་བྱས་འདུག 

སྤྱིར་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཁྲིམས་འཆར་དེར། ད་ལྟའི་ཆར་གྲོས་ཚོགས་གོང་འོག་གཉིས་ནས་གྲོས་ཚོགས་འཐུས་མི་༤༥ ཡིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཁར། དེའི་ནང་ཧོང་ཀོང་གི་མང་གཙོ་དང་རང་དབང་རྡོག་རོལ་གཏོང་མཁན་རྒྱ་ནག་གི་འབྲེལ་ཡོད་འགོ་ཁྲིད་དང་ལས་བྱེད་ཚོར་ཉེས་ཆད་གཏོང་རྒྱུ། དེ་བཞིན་ཧོང་ཀོང་ནང་མང་གཙོ་དང་རང་དབང་གི་གནས་སྟངས་ཡག་པོ་མེད་པ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྙན་ཐོ་བཏོན་ཚེ། ཨ་རི་དང་ཧོང་ཀོང་བར་དམིགས་བསལ་ཚོང་འབྲེལ་གྱི་གནས་བབ་དེ་མེད་པ་བཟོ་རྒྱུ་སོགས་ཡོད་འདུག དེ་བཞིན་དེ་དང་འབྲེལ་བའི་ཁྲིམས་འཆར་ཞིག་ནང་ཨ་རི་ནས་ཧོང་ཀོང་གྲོང་ཁྱེར་གྱི་ཉེན་རྟོག་པར། མང་ཚོགས་སྟངས་འཛིན་བྱེད་ཆེད་ཀྱི་ལག་ཆ་དང་འཕྲུལ་ཆས་སོགས་ཚོང་མི་ཆོག་པའི་ཆ་རྐྱེན་བཏོན་ཡོད་འདུག 

རྒྱ་ནག་གཞུང་དང་ཧོང་ཀོང་གཞུང་གིས་དེ་སྔོན་ནས་ཨ་རིས་ཧོང་ཀོང་ནང་ཐེ་བྱུས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་ལྟར། ཁྲིམས་འཆར་དེ་ནི་ཐེ་བྱུས་ཀྱི་དཔང་རྟགས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག ཨ་རིའི་གྲོས་ཚོགས་ཚོགས་ཆུང་དེའི་ཚོགས་མི་ཁག་ཅིག་གིས། ཧོང་ཀོང་གི་མང་གཙོའི་ལས་འགུལ་དེར་བསྔགས་བརྗོད་དང་འཛམ་གླིང་མི་མང་ལ་སེམས་འགུལ་བཏང་ཡོད་སྐོར་བརྗོད་འདུག 

དེ་བཞིན་ཉིན་དེར་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ། ཧོང་ཀོང་མང་གཙོའི་ལྷན་ཚོགས་ཞེས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་གསར་འཛུགས་ཀྱི་འགོ་འབྱེད་བྱས་འདུག་པ་དང་། ཧོང་ཀོང་ནས་ཡོང་མཁན་ལས་འགུལ་བ་ཚོས་ཚོགས་པ་དེར་རྒྱབ་སྐྱོར་གྱི་རྣམ་པ་བསྟན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༡༠༠༣ ཀློག་གྲངས།