ཐའེ་ཝན་གྱི་མི་ཞིག་གིས་དུག་རྫས་འགོག་སྲུང་གི་འབག་༢༠༠༠ ཧོང་ཀོང་ལ་བསྐུར། 

ཧོང་ཀོང་དུ་ཞི་བའི་ངོ་རྒོལ་ལང་འགོ་བརྩམས་ནས་ཉིན་གྲངས་༡༠༠ ཙམ་འགྲོ་བཞིན་ཡོད་ཅིང་། ཉེ་ཆར་ཧོང་ཀོང་སྤྱི་ཁྱབ་དཔོན་གྱིས་ཐོག་མར་ངོ་རྒོལ་སློང་བྱེད་ཀྱི་རྒྱུ་རྐྱེན་ཏེ། དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ཡོངས་སུ་ཕྱིར་བསྡུ་བྱས་པའི་ཁྱབ་བསྒྲགས་བཏང་རུང་། ཧོང་ཀོང་མི་མང་གིས་དགོས་འདུན་གཞན་བཞི་པོའང་ལག་བསྟར་དགོས་པའི་འབོད་ཚིག་བསྒྲགས་ནས་ངོ་རྒོལ་ཆེན་མོ་དེའི་མཚམས་འཇོག་པའི་རྣམ་པ་གཏན་ནས་སྟོན་གྱི་མེད།

ཉེ་བའི་བདུན་ཕྲག་འགའི་ནང་། ཉེན་རྟོག་པའི་ཁྲིམས་འགལ་གྱི་གདུག་རྩུབ་ཇེ་ཆེ་ནས་ཇེ་ཆེར་གྱུར་ཏེ་ངོ་རྒོལ་བ་དང་ཉེན་རྟོག་པའི་བར་དུ་དྲག་པོའི་གདོང་ཐུག་ཡང་ཡང་འབྱུང་བཞིན་ཡོད་ལ། གྱོན་ཆས་ནག་པོ་གྱོན་པ་ཙམ་དང་། ལོ་ན་ཆུང་བ་ཙམ་གྱི་རྒྱུ་མཚན་ལ་བརྟེན་ནས་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་དང་མནར་གཅོད་གཏོང་བའི་གནས་སྟངས་ཛ་དྲག་ཅན་ཞིག་ཆགས་ཡོད། 

འཛམ་གླིང་མི་མང་གིས་དྲ་ཐོག་ནས་ཧོང་ཀོང་གི་གནས་ཚུལ་ལ་ལྟ་ཀློག་བྱེད་པ་དང་སྦྲགས། སེམས་འཚབ་ཆེན་པོས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་མང་གཙོའི་ངོ་རྒོལ་ལ་ཡ་ལན་ཅི་ཞིག་སྟེར་རྒྱུར་སྒུག་བཞིན་ཡོད། འོན་ཀྱང་ལོ་ན་༢༣ ལ་སོན་པའི་ཐའེ་ཝན་མི་ཨ་ལེག་ཁོ་(Alex Ko) ཡིས་དྲ་ཐོག་ནས་ཧོང་ཀོང་གི་གནས་ཚུལ་ལྟ་ཀློག་བྱེད་པ་ཙམ་མ་ཡིན་པར། དངོས་སུ་ཧོང་ཀོང་གི་ངོ་རྒོལ་ཚོ་ལ་ཉེན་རྟོག་པས་དུག་རྫས་གཡུག་དུས་མཁོ་བའི་དུག་རྫས་འགོག་སྲུང་གི་འབག་དང་སྲུང་ཞྭའི་ཆེད་དུ་ཞལ་འདེབས་བསྡུ་བའི་ལས་འགུལ་བརྩམས་པ་མ་ཟད། འགོག་སྲུང་གི་འབག་༢༠༠༠ ཙམ་བསྡུ་རུབ་བྱས་ཏེ་ཧོང་ཀོང་དུ་བསྐུར་ཡོད་འདུག 

དེའི་རྒྱུ་མཚན་དུ་ཁོས་“ང་རང་ཧོང་ཀོང་ལ་འགྲོ་མྱོང་མེད་ཀྱང་། ངས་ཧོང་ཀོང་ལ་སེམས་ཁུར་བྱེད་མི་དགོས་པའི་རྒྱུ་མཚན་མཐོང་གི་མི་འདུག ང་རང་ཡེ་ཤུ་ཞིག་ཡིན་པའི་ཆ་ནས་མི་མང་རྣམས་ལ་རྒོལ་རྡུང་དང་རྨས་སྐྱོན་ཕོག་པ་མཐོང་དུས། ཁོང་ཚོར་རོགས་པ་བྱེད་དགོས་རེད་དྲན་གྱི་འདུག་ལ། ཐའེ་ཝན་གྱི་མི་སེར་ཞིག་ཡིན་པའི་ཆ་ནས་ཧོང་ཀོང་གི་རྗེས་སུ་སྡུག་མྱོང་མཁན་དེ་ང་ཚོ་མིན་ནམ་སྙམ་ནས་སེམས་ཁྲལ་ཡོང་གི་འདུག་”ཅེས་བརྗོད་འདུག 

སྐུ་ཞབས་ཨ་ལེག་ཁོ་ཡིས་ཧོང་ཀོང་གི་ངོ་རྒོལ་བ་ཚོར་རོགས་པ་བྱེད་དགོས་པའི་རྒྱུ་མཚན་གཞན་ཡང་དྲངས་འདུག་སྟེ།  ཁོས་“ད་ལྟ་ང་ཚོ་རྒྱ་ནག་གི་ཆ་ཤས་མིན་ན་ཡང་། ཉིན་ཞིག་རྒྱ་ནག་གིས་ང་ཚོར་བཙན་འཛུལ་བྱ་སྲིད། གལ་སྲིད་ང་ཚོ་གཉིས་ལག་རྡང་སྒྲིལ་བ་ཡིན་ན། ང་ཚོའི་སྟོབས་ཤུགས་ཆེ་རུ་འགྱུར་ངེས། མ་ཟད་ཉིན་ཞིག་ལ་ང་ཚོར་ཁོང་ཚོའི་རོགས་པ་མཁོ་དུས་ཀྱང་ཡོང་སྲིད་”ཅེས་སྨྲས་འདུག 

གསར་འགོད་པ་དཀོན་མཆོག་རབ་བརྟན།

Share this:
༡༢༢༦ ཀློག་གྲངས།