གྲོས་ཚོགས་ནང་ཁྲིམས་ཞིབ་པ་དང་འོས་བསྡུའི་འགན་འཛིན་འདེམས་ཐོན།

ཟླ་༩ པའི་ཚེས་༢༣ ཉིན་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཐེངས་༨ པའི་ལས་ཉིན་གསུམ་པའི་སྐབས་སུ། གྲོས་ཚོགས་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཅིག དེ་བཞིན་དབུས་འོས་བསྡུ་ལས་ཁང་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་གཅིག་ལྕོགས་བཅས་འོས་འདེམས་བྱས་ཡོད་པ་རེད།

དེ་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་འོས་མིར་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལ་འོས་གྲངས་༣༠ དང་། སུད་སི་སྐུ་ཚབ་དོན་ཟུར་སོག་སྟོད་དངོས་གྲུབ་རྡོ་རྗེར་འོས་གྲངས་༨ བཅས་ཐོབ་ནས་དྭགས་པོ་བསོད་ནམས་ནོར་བུ་ཁྲིམས་ཞིབ་པ་ཆེ་བར་འདེམས་ཐོན་བྱུང་། སྐབས་དེར་འོས་ཤོག་སྟོང་པ་༣ པ་དང་རྩིས་མེད་༡ བྱུང་སོང་། དྭགས་པོ་བསོད་ནམས་ནོར་བུས་གསར་འགོད་པ་ཚོར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་མང་གཙོའི་ཀ་བ་གསུམ་དེ་གལ་ཆེན་པོར་བརྩི་ཡི་ཡོད་པ་དང་། དེའི་ནང་ནས་གཅིག་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་ཡིན་པས། དེའི་ཁྲིམས་ཞིབ་པ་ཆེ་བར་འདེམས་ཐོན་བྱུང་བར་དགའ་ཚོར་ཆེན་པོ་བྱུང་བ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་མིའི་དབང་བསྒྱུར་མིན་པར་བཅའ་ཁྲིམས་ཀྱི་དབང་བསྒྱུར་ཡིན་པས། མ་འོངས་པར་བཅའ་ཁྲིམས་དང་སྒྲིག་གཞི་རྣམས་གཞི་ལ་བཞག་པའི་ཐོག་ནས། ལྷག་བསམ་རྣམ་དག་གིས་ཞབས་ཕྱི་ཞུ་རྒྱུའི་འདུན་པ་ཡོད་སྐོར་གསུངས་སོང་།

ཁྲིམས་ཞིབ་པ་གཞན་གཅིག་གི་འོས་མིར་ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལ་འོས་གྲངས་༢༨ དང་། རྩིས་ཞིབ་དྲུང་འཕར་ཚེ་དབང་དངོས་གྲུབ་ལ་འོས་གྲངས་༡༡ ཐོབ་ནས་བསྟན་འཛིན་ལུང་རྟོགས་ཁྲིམས་ཞིབ་པ་གཞན་གཅིག་ཏུ་འོས་འདེམས་བྱུང་བ་དང་། སྐབས་དེར་འོས་ཤོག་སྟོང་པ་༡ དང་རྩིས་མེད་༢ བྱུང་སོང་། བསྟན་འཛིན་ལུང་རྟོགས་ཀྱིས་གསར་འགོད་པ་ཚོར། ད་བར་བོད་མིའི་སྒྲིག་འཛུགས་སུ་ལས་ཀ་བྱས་ནས་ལོ་༢༥ འགྲོ་བཞིན་ཡོད་པས། ཐེངས་འདིར་ཁྲིམས་ཞིབ་པ་གཞན་ཞིག་ཏུ་འདེམས་ཐོན་བྱུང་བ་དེ་ཡང་བོད་མིའི་སྒྲིག་འཛུགས་སུ་ཞབས་ཞུ་མུ་མཐུད་བྱེད་རྒྱུ་ཡིན་པས། དམིགས་བསལ་ཚོར་སྣང་ཞུ་ཐུབ་པ་ཞིག་མེད་ཀྱང་། ཁྲིམས་ཞིབ་ཁང་དེ་མང་གཙོའི་ཀ་བ་གསུམ་ལས་གལ་ཆེ་བ་ཞིག་ཆགས་ཀྱི་ཡོད་ཁར། འདེམས་ཐོན་བྱུང་བའི་ལས་གནས་དེ་ཡང་གལ་ཆེན་ཞིག་ཡིན་པས། སེམས་ནང་དུ་ལས་དོན་དྲང་པོ་དང་ཧུར་ཐག་བྱེད་རྒྱུའི་གྲ་སྒྲིག་ཡོད་སྐོར་གསུངས་སོང་།

དེ་བཞིན་དབུས་འོས་བསྡུ་ལས་ཁང་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་གཅིག་ལྕོགས་ཀྱི་འོས་མི་ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལ་འོས་གྲངས་༢༣ དང་། སྤྱི་ཁྱབ་ཁྲིམས་དྲུང་ཤ་འབྲོང་བཀྲ་ཤིས་རྒྱ་མཚོར་འོས་གྲངས་༡༨ བཅས་ཐོབ་ནས་དཔེ་ཟུར་དབང་འདུས་ཚེ་རིང་འདེམས་ཐོན་བྱུང་བ་དང་། སྐབས་དེར་འོས་ཤོག་གཅིག་རྩིས་མེད་བྱུང་སོང་། དཔེ་ཟུར་དབང་འདུས་ཚེ་རིང་གིས་གསར་འགོད་པ་ཚོར། སོ་སོ་རང་ཉིད་ལ་ལས་གནས་དེའི་ཐོག་གདེང་སྤོབས་དེ་ཙམ་མེད་ཀྱང་། ཐུགས་རེ་གནང་བ་ཡིན་པས་གང་ཡོང་ཅི་ཡོང་བྱེད་རྒྱུ་ཡིན་པ། རྒྱུན་ཏུ་ནས་སྲི་ཞུ་སྒྲུབ་བཞིན་ཡོད་པས། སེམས་ནང་དམིགས་བསལ་དགའ་ཚོར་མེད་པ་དང་། མུ་མཐུད་ནས་སྲི་ཞུ་སྒྲུབ་རྒྱུ་ཡིན། ལྷག་པར་དུ་མང་གཙོའི་ལམ་ལུགས་ནང་འོས་བསྡུའི་གནས་བབ་དེ་གལ་ཆེན་པོ་ཡིན་པས། གང་ཡང་ཅི་ཡོང་གིས་གཞུང་མང་གཉིས་ལ་ཞབས་ཕྱི་ཞུ་རྒྱུའི་འབད་བརྩོན་བྱེད་རྒྱུ་ཡིན་པ་དང་། ད་བར་ལོ་ངོ་༤༡ སྲི་ཞུའི་ལས་ཀ་བྱས་པའི་ཁྲོད་དུ། མི་ལོ་༣༠ ལྷག་ས་གནས་ཁག་ཏུ་ལས་ཀ་བྱས་ནས་འོས་བསྡུ་དང་འབྲེལ་བའི་ལས་ཀའི་ཉམས་མྱོང་ཡོད་པ་དང་། མི་མང་ལ་འོས་བསྡུའི་སྒྲིག་གཞིའི་གོ་རྟོགས་སྤེལ་རྒྱུ་དང་གཙོ་བོ་བཅའ་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་ལས་དོན་བྱེད་རྒྱུ་ཡིན་སྐོར་གསུངས་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༧༩༥ ཀློག་གྲངས།